རོང་པོ་སྐལ་ལྡན་བློ་བཟང་ཆོས་གྲགས་རྒྱ་མཚོ།

ཡོང་ཁུངས་Wikipedia

མདོ་སྨད་བྱང་རྒྱུད་རྭ་ལོ་ཐང་དུ་ཡབ་སྐལ་བཟང་རྣམ་རྒྱལ་ཞེས་བྱ་བའི་སྲས་སུ་རབ་བྱུང་གསུམ་པའི་ཤིང་ཡོས(༡༧༩༥)ལོར་བལྟམས། དགུང་ལོ་བཅུ་གཉིས་པར་ཆུ་བཟང་ལྕང་སྐྱ་བླ་བྲང་དུ་ཁྲི་སྤྲུལ་བློ་བཟང་རྒྱལ་མཚན་སེང་གེ་ལས་རབ་དུ་བྱུང་ནས་གདན་སར་ཕེབས། དགེ་བཤེས་བློ་བཟང་བསྟན་འཛིན་དང་རབ་འབྱམས་པ་འཇམ་དབྱངས་གཉིས་ལས་བསྡུས་གྲྭ་དང། བློ་རྟགས། དོན་བདུན་ཅུ། ཕར་ཕྱིན་བཅས་སྤྱངས་ཤིང་ཟུར་སྐོལ་ཕལ་ཆེར་ཐུགས་འཛིན་མཛད། དགུང་ལོ་ཉེར་གསུམ་བཞེས་པ་མེ་གླང(༡༨༡༧) ལོར་དབུས་ཕེབས། དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་དགེ་བའི་བཤེས་གཉེན་བློ་བཟང་རྒྱལ་མཚན་ཡོངས་འཛིན་དུ་བསྟེན་ནས་དབུ་ཕར་གཙོ་བྱས་པའི་བཀའ་པོད་རབ་འབྱམས་ལ་སྦྱངས། ཚོགས་ཆེན་དུ་ཚོགས་གླེང་མང་དུ་མཛད་དེ་མཁས་པའི་གྲགས་པ་རྒྱས། པཎ་ཆེན་བསྟན་པའི་ཉི་མའི་དྲུང་དུ་བསྙེན་རྫོགས་ཞུས། དགུང་ལོ་ཉེར་བདུན་པར་ཕྱིར་ཕེབས་ནས་མེ་དགྲ་བྱུང་བའི་བཀའ་བསྟན་དང་རྗེ་ཡབ་སྲས་གསུང་འབུམ་སོགས་གླིགས་བམ་སྟོང་ཕྲག་འགའ་གསར་བཞེངས་མཛད། དགུང་ལོ་ཉེར་དགུ་པར་ཚོམས་ཆུང་བཀྲ་ཤིས་སྒོ་མང་དང་། ལྷོ་ལྟའི་ཆོས་ཁང་ཆེན་མོ། མགོན་ཁང་རྔམ་བརྗིད་རོལ་བ་སོགས་གསར་བཞེངས་གནང་། ཆིང་ཝང་བཀྲ་ཤིས་འབྱུང་གནས་ཀྱིས་གདན་འདྲེན་ཞུས་ཏེ་མཆོད་བཀུར་དང་ཞོགས་ཀའི་མང་ཇའི་ཇ་ཚུལ་སྡེ་པའི་སྤྱི་རྫས་སུ་ལན་ཆེན་བརྒྱ་ཕུལ་ཏེ་བཟང་སྤྱོད་ཆག་མེད་ཀྱི་རྒྱུན་བཙུགས། དེ་ནས་ཝང་ཆེན་མོ་ཞི་བར་བཤིགས་པའི་དབུ་བླར་ཕེབས། སྤྱི་སོའི་འདུ་ཁང་ཆེན་མོ་རྟེན་བརྟེན་པར་བཅས་པ་རྙིང་སྐྱོན་ཆེ་བས་གསར་གཞེངས་མཛད། སྤྱི་སོའི་བཅའ་ཡིག་ཆེན་མོ་གསར་འཇོག་གནང། གསོ་རིག་མཁས་པས་ཉམ་ཐག་རྣམས་ལ་ཐུགས་བརྩེ་བས་བསྐྱངས། དགུང་གྲངས་ཞེ་དགུ་ལ་ཕེབས་པ་རབ་བྱུ་བཅུ་བཞི་པའི་ཆུ་ཡོས(༡༨༤༣) ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།