རོང་པ་སྐལ་ལྡན་བློ་བཟང་བསྟན་པའི་རྒྱལ་མཚན།

ཡོང་ཁུངས་Wikipedia

ཆུ་བཟང་རྭ་ལོ་ཐང་དུ་རབ་བྱུང་བཅུ་བཞི་པའི་ས་ལུག(༡༨༥༩)ལོར་སྐུ་འཁྲུངས། དགུང་ལོ་ལྔ་པ་ལ་ཤར་བླ་བྲང་དུ་རྗེ་གོང་མ་བློ་བཟང་འཕྲིན་ལས་རྒྱ་མཚོའི་ཆོས་ཁྲི་ལ་ཕེབས། རྗེ་བཙུན་ཨ་རོལ་བློ་བཟང་ལུང་རིགས་རྒྱ་མཚོ་དཔལ་བཟང་པོ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་བློ་བཟང་བསྟན་པའི་རྒྱ་མཚན་ཞེས་གསོལ། ནགས་རྒྱའི་ཡོངས་འཛིན་དར་རྒྱས་རྒྱ་མཚོ་ལས་ཆོས་སྤྱོད་ཀྱི་རིགས་དང་། ཨ་རོལ་རྡོ་རྗེ་འཆང་ལས་རབ་བྱུང་དགེ་ཚུལ་འཇིགས་མཛད་རྒྱལ་པོའི་དབང་དངོས་སྟ་སོགས་བཞེས་ཏེ་གསང་མཚན་ལ་མི་བསྐྱོད་རྡོ་རྗེ་ཞུ། དགུད་ལོ་བདུན་བརྒྱད་སྐབས་འཇམས་དབྱངས་དཀར་པོ་དང་དབྱངས་ཅན་མ་དཀར་མོ་གཉིས་ལ་བསྟོད་པ་མཛད་པས་སྙན་ངག་པ་རྣམས་ཀྱིས་ངོ་མཚར་དུ་འཛིན། དགུང་ལོ་བཅུ་པ་ནས་གསན་སྦྱོང་དབུ་ཚུགས། རྭ་སྟོད་མཁན་ཆེན་དང་། སྐྱི་ཡའི་རབ་འབྱམས་པ་བློ་བཟང་བསྟན་འཛིན། གཙོས་ཁྲི་སྤྲུལ་བློ་བཟང་འཇམས་དཔལ་བསྟན་འཛིན་སེང་གེ་སོགས་ལས་བསྡུས་གྲྭ་དང་། སུམ་རྟགས། དག་ཡིག སྒྲའི་ས་རིས། རྩིས་དཀར་ནག་སོགས་མཐར་ཐུག་པར་སྦྱངས། དེ་ནས་སོག་ཡུལ་དུ་གདན་དྲངས་ཏེ་ཁྲོམ་ཆེན་ལ་སྤྱན་རས་གཟིགས་ཀྱི་དབང་སོགས་གནང། དགུང་ལོ་ཉིར་བཞི་པར་བློ་བཟང་ལུང་རིགས་རྒྱ་མཚོ་ལས་ཐུགས་རྫོགས་བཞེས། དགུང་ལོ་ཉི་ཤུ་པར་རྒྱ་ནག་རི་བོ་རྩེ་ལྔར་གནས་འཇལ་དང་། ཅང་ཧེ་དགོན་པར་འཇམས་དབྱངས་ཞི་ཁྲོ་སྦྲགས་སྒྲུབ་ཀྱི་བསྙེན་མཚམས་གནང་། དེ་ནས་པེ་ཅིང་དང་ཁྲིན་འདུ་སོགས་ལ་ཕེབས་ནས་གནས་གཟིགས་མཛད། དགུང་ལོ་ཉེར་བརྒྱད་པར་དབུས་སུ་ཕེབས་ནས་རྒྱལ་དབང་ཐུབ་བསྟན་རྒྱ་མཚོ་མཆོག་ལ་སྟོང་འབུལ་དང་ཆོས་འབྲེལ་ཞུས། གདན་ས་གསུམ་ལ་མང་འགྱེད་བཏབས། གཞུང་ས་ཆེན་མོས་འཇའ་ས་ཐམ་ག་གྲུ་སྒོར། མཁན་ཆས་ཆ་ཚང་། གདུགས་རྟ་དར་བཅས་དང་བསྟན་པའི་གསལ་བྱེད་ཨེར་ཏེ་ནི་ཧོ་ཐོག་ཐུ་མཁན་པོ་ཞེས་པའི་ཆོ་ལོ་སྔར་སྲོལ་ལྟར་གནང་བ་སྤྱི་བོར་བཞེས་ཏེ་ཕྱིར་རང་དགོན་དུ་ཕེབས། དགུང་ལོ་སོ་གཅིག་པར་གྲུབ་དབང་འཇིགས་མེད་བསམ་གཏན་རིན་པོ་ཆེ་ལས་ཕྲིང་ཀྲྀའི་དབང་སོགས་བཀའ་ཆོས་མང་དུ་གསན། དགུང་ལོ་ཞི་ལྔ་པར་གསེར་ཁྲིར་ཞབས་སོར་བཀོད་དེ་ལོ་བཞི་རིང་བཀའ་ཆོས་མང་དུ་གསུངས་ནས་སྤྱི་སྒེར་གྱི་དགའ་སྟོན་བརྗོད་ལས་འདས་པ་བསྐྱངས་ཏེ་དགུང་ལོ་ཞེ་བརྒྱད་པར་ཁྲི་ཁུར་བཞག ཚོམས་ཆེན་ཕུན་ཚོགས་འདུ་ཁང་དང་མི་ཕམ་མདུན་ས་གསར་བཞེངས་མཛད་ཅིང་། དདན་སའི་གོས་སྐུ་ཆེན་མོ་བཞེངས། དགུང་གྲངས་ང་བདུན་བཞེས་པ་རབ་བྱུང་བཅོ་ལྔ་པའི་ཤིང་ཡོས(༡༩༡༥)ལོར་བསམ་བཞིན་མྱ་ངན་ལས་འདས་པའི་ཚུལ་བསྟན། དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།