Jump to content

རོང་པ་ཤེས་རབ་སེང་གེ།

ཡོང་ཁུངས་Wikipedia

རྗེ་འདི་ཉིད་ཡབ་རོང་པོ་རྒ་ལོ་བའི་སྲས་སུ་རབ་བྱུང་བཞི་པའི་ལྕགས་ཕག(༡༢༥༡)ལོར་སྐུ་བལྟམས། སྐུ་ན་ཕྲ་མོ་ནས་འབྲི་ཀློག་ལ་འབྱོངས་ཤིང་དུས་འཁོར་སློབ་གཉེར་མཛད། དགུང་ལོ་བཅུ་དྲུག་པ་ལ་དུས་འཁོར་གསུང་ཐུབ། དགུང་གྲངས་ཉི་ཤུ་ལ་ཕེབས་སྐབས་ཐར་བར་ཕེབས་ནས་དཔྱལ་པའི་ཆོས་རྣམས་ཞུས། དགུང་ལོ་ཉི་ཤུ་རྩ་གཉིས་ལ་སྟག་སྡེ་སངས་རྒྱས་ཀྱི་དྲུང་དུ་བྱོན་ཏེ་ལོ་ལྔའི་རིང་ཕར་ཚད་ལ་སྦྱངས། ལྷག་པར་དུ་ཚད་མ་ལ་མཁས་པར་འགྱུར་ནས་དབུས་གཙང་དུ་གྲྭ་སྐོར་མཛད། དགུང་གྲངས་སུམ་ཅུ་པ་ལ་བླ་མ་ཆོས་རྒྱལ་འཕགས་པ་དང་མཁན་པོ་མཆིམས་ཀྱི་དྲུང་དུ་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་ནས་ཆོས་མང་དུ་གསན། དེ་ནས་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱི་ཞབས་ལ་གཏུགས་ནས་རྡོ་རྗེ་ཕྲིང་བའི་དབང་། འཇམ་དཔལ་རྩ་རྒྱུད་སོགས་རྒྱུད་དང་སྨན་དཔྱད་ཡན་ལག་བརྒྱད་པ་ལ་སོགས་པ་གསན་སྦྱོང་དཔྱིས་ཕྱིན་མཛད། དབེན་དམར་གྱི་གདན་ས་མཛད་དེ་བཤད་པ་ཡུན་རིང་གནང་། གཞན་ཡང་ཐར་པ། ཁྲོ་ཕུ། བསམ་ཡས། སྟག་ལུང་། གཞུ་ཀུན་དགའ་ར་བ། ཤངས་རྩེ་གདོང་། ཆུ་མིག། སྟོན་མོ་ལུང་། གཡུས་དགའ་ལྡན་ལ་སོགས་པར་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། དགུང་ལོ་ཞེ་གཅིག་པར་དབེན་དམར་གྱི་གདན་ས་བླ་མ་རྡོ་རྗེ་རྒྱན་མཚན་ལ་གཏད་ནས་དམུ་རུ་ལ་ཕེབས། ཤམྦྷར་བཏབ་ནས་གཙུག་ལག་ཁང་བཞེངས་།རྒྱུད་འབུམ་དང་འདུལ་བ་ལུང་བཞེངས་ཏེ་སེམས་ཅན་མང་པོའི་དོན་མཛད། དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།