རིགས་ལྔ།

ཡོང་ཁུངས་Wikipedia

སངས་རྒྱས་ཆོས་ལུགས་ཀྱི་གསང་སྔགས་ཀྱི་གཞུང་ལས་བཤད་ཚུལ་ལ། སེམས་ཅན་གང་ཡིན་ཀྱང་སངས་རྒྱས་པའི་ཚེ་ན་རང་ཉིད་ཀྱི་མ་དག་པའི་ཕུང་པོ་ལྔ་གནས་འགྱུར་ཏེ་རྒྱལ་བ་རིགས་ལྔའི་ངོ་བོར་སངས་རྒྱས་པ་སྟེ། གཟུགས་ཀྱི་ཕུང་པོ་གནས་འགྱུར་བའི་དག་ཆ་ལྷ་སྐུར་འཆར་བ་ནི་སངས་རྒྱས་རྣམ་པར་སྣང་མཛད་ཡིན་པས་དེའི་སྐུ་མདོག་དཀར་པོ་དང་། དེ་བཞིན་དུ་ཚོར་བའི་ཕུང་པོ་གནས་འགྱུར་བའི་སངས་རྒྱས་རིན་ཆེན་འབྱུང་ལྡན་ཡིན་པས་དེའི་སྐུ་མདོག་སེར་པོ། འདུ་ཤེས་ཀྱི་ཕུང་པོ་གནས་འགྱུར་བའི་སངས་རྒྱས་འོད་དཔག་མེད་དང་དེའི་སྐུ་མདོག་དམར་པོ། འདུ་བྱེད་ཀྱི་ཕུང་པོ་གནས་འགྱུར་བའི་སངས་རྒྱས་དོན་ཡོད་གྲུབ་པ་དང་དེའི་སྐུ་མདོག་ལྗང་ཁུ། རྣམ་ཤེས་ཀྱི་ཕུང་པོ་གནས་འགྱུར་བའི་སངས་རྒྱས་མི་བསྐྱོད་པ་དང་དེའི་སྐུ་མདོག་སྔོན་པོ་ཡིན་པ་བཅས་ནི་རང་རང་གི་སྒྲུབ་གཞིའི་རླུང་གི་ཁ་དོག་དེའི་རང་མདངས་ལ་བརྟེན་ནས་བྱུང་བ་ཡིན་ཞེས་བཤད་སྲོལ་ཡོད། ཞིབ་པར་གསང་སྔགས་ཀྱི་གཞུང་རྣམས་སུ་གསལ་ལ། ཡང་འདྲེན་ཚུལ་གཞན་ཞིག་ནི། ཉན་ཐོས་ཀྱི་ཐེག་པ་མངོན་པར་རྟོགས་པའི་རིགས་དང་། རང་སངས་རྒྱས་ཀྱི་ཐེག་པ་མངོན་པར་རྟོགས་པའི་རིགས། དེ་བཞིན་གཤེགས་པའི་རིགས། མངོན་པའི་རིགས། རིགས་མེད་པ་བཅས་ལྔའོ། ཡང་ན། མི་བསྐྱོད་པ། རིན་འབྱུང་། འོད་དཔག་མེད། དོན་གྲུབ། རྣམ་སྣང་སྟེ་ལྔའོ། །དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།