རིག་བྱེད།
རིག་བྱེད་ཅེས་པ་ནི་ནང་པའི་ལྟ་བ་ལས་ཀྱི་མངོན་མཚན་དུ་ཕྱིའི་རོལ་མོའི་གཞུང་རྣམས་དང་། ལྷག་པར་རྒྱ་གར་གྱི་མུ་སྟེགས་པའི་གཞུང་གི་གཙོ་བོ་དེ་ལ་གོ་དགོས། "རིག་བྱེད་བཞི་ལ་སོགས་པའི་མུ་སྟེགས་པའི་གཞུང་རྣམས་"[༡]ཞེས་གསལ་འདུག་པ་ལྟར་རིག་བྱེད་ནི་བཞི་ཡི་གྲངས་ཀ་ཡོད་ལ། འདི་རྣམས་ནི་མུ་སྟེགས་པའི་གཞུང་གི་གཙོ་བོར་བརྩིས་པ་ཡིན། སྔོན་རྒྱ་གར་དུ་བྱུང་བའི་མུ་སྟེགས་པའི་ལྟ་བ་དང་གྲུབ་མཐའ་མང་དུ་ཡོད་པའི་ནང་གསེས་རིག་བྱེད་ཀྱི་གཞུང་ལ་ཟེར་ཞིང་། (སྤྱིར་རིག་བྱེད་ཅེས་པ་ཕྱི་ནང་ཐུན་མོང་བའི་རིག་གནས་མཐའ་དག་ལ་འཇུག་ཅིང་། རིག་བྱེད་ཀྱི་སྐད་དོད་བདེཿཞེས་པ་ནི་རིག་པའམ་གསལ་བ་ལ་འཇུག་པ་ཡིན)དེ་ལ་བཞི་ལས། ༡.སྙན་ངག་གི་རིག་བྱེད། ༢.སྲིད་སྲུང་གི་རིག་བྱེད། ༣.ངེས་བརྗོད་ཀྱི་རིག་བྱེད། ༤.མཆོད་སྦྱིན་གྱི་རིག་བྱེད་བཅས་ཡིན། དང་པོ་སྙན་ངག་གི་རིག་བྱེད་ནི་གོ་སླ་ཞིང་། གཉིས་པ་སྲིད་སྲུང་གི་རིག་བྱེད་ནི་འཇིག་རྟེན་གྱི་ལུགས་བཟང་ངན་སྟོན་པ། དཔེར་ན《ལུགས་ཀྱི་བསྟན་བཅོས》ལྟ་བུ་ལ་ཟེར། གསུམ་པ་ངེས་བརྗོད་ཀྱི་རིག་བྱེད་ནི་རིག་བྱེད་ཀྱི་སྔགས་ལ་བརྟེན་ནས་ནད་ཞི་བ། ཚེ་སྤེལ་བ། རིགས་རྒྱུད་སྤེལ་བ། རླུང་བསྒོམ་པ་སོགས་མང་པོ་ཡོད་པར་བཤད། བཞི་པ་མཆོད་སྦྱིན་གྱི་རིག་བྱེད་ནི། ལྷ་ཚངས་པ་དང་། དབང་ཕྱུག་སོགས་ལ་མཆོད་པ་འབུལ་བའི་ཆེད་དུ་རྟ་དང་། བ་གླང་། ར་ལུག མི་ལ་སོགས་པ་ཁྲི་སྟོང་མང་པོ་བསད་པའི་ཤ་ཁྲག་གི་མཆོད་རྒྱུན་བྱས་ན་ལྷའི་ཞལ་མཐོང་བ་དང་དངོས་གྲུབ་ཐོབ་པ་སོགས་ཁས་ལེན་པ་ལ་ཟེར། རིག་བྱེད་བཞིའི་འབྱུང་ཁུངས་ལ་ཚངས་པའི་གདོང་བཞི་ལས་རིག་བྱེད་བཞི་བྱུང་བར་འདོད་པ་དང་ཚངས་པའི་བུ་བཞིས་བྱས་པར་འདོད་པ་དང་། ཚངས་པའི་མཚོ་ཞེས་བྱ་བའི་ཆུ་ལས་རིག་བྱེད་ཀྱི་ཡི་གེའི་སྒྲ་རྣམས་གདངས་ཀྱི་ཚུལ་གྱིས་འབྱུང་བ་དང་། ཡང་རིག་བྱེད་སུ་གང་གིས་མ་བྱས་གདོད་མ་ཉིད་ནས་ཡོད་པར་འདོད་པ་དང་། སུས་ཀྱང་མ་བྱས་རང་བྱུང་ནམ་མཁའ་ལྟ་བུ་ཡིན་ཟེར་བ་སོགས་སྔོན་གྱི་མཁས་པ་རྣམས་ཀྱི་བཞེད་ཚུལ་དུ་མ་ཞིག་མཆིས། དེང་སང་གི་མཁས་དབང་འགས་ཧ་ལམ་སྤྱི་ལོའི་སྔོན་གྱི་ལོ་ཆིག་སྟོང་ཉིས་བརྒྱའི་སྔོན་རྗེས་སུ་རྒྱ་གར་ནུབ་ཕྱོགས་ནས་ཧིན་རྡུའི་ཆུ་བོའི་འབབ་ཡུལ་དུ་ཞུགས་པའི་ཡ་ལི་ཨན་མིས་གནའ་བོའི་ཏ་ཟིག་ལས་ཁྱེར་འོང་བའི་རིག་གནས་ཤིག་ཡིན་པར་བཞེད་པ་སོགས་རིག་བྱེད་བཞིའི་འབྱུང་ཁུངས་ལ་བཞེད་ཚུལ་མི་འདྲ་བ་མང་པོ་ཞིག་ཡོད་པ་ལས་དཔྱོད་པ་བས་ནི་རིག་བྱེད་ནི་སྐྱེས་བུས་མ་བྱས་པའི་ཆ་མེད་རྟག་པ་རང་བྱུང་ནམ་མཁའ་ལྟ་བུ་དང་། སུས་ཀྱང་མ་བྱས་པས་ན་བདེན་པའི་དོན་ཅན་དང་ཚད་མར་འདོད་པ་ཡིན་ནོ། །དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།
རིག་བྱེད་ཀྱི་ཐ་སྙད་ཀྱི་ལོ་རྒྱུས།
[རྩོམ་སྒྲིག]རིག་བྱེད་ནི་སངས་རྒྱས་པའི་གཞུང་ལས་ཀྱང་རྙིང་བས། "རིག་བྱེད་ཀྱི་ངག་སྐུལ་བར་བྱེད་པའི་མཚན་ཉིད་"[༢]ཅེས་གསལ་བ་ལྟར། འདི་ནི་རྒྱ་གར་གྱི་ཆོས་ལུགས་རྙིང་པ་ཞིག་ཡིན་པར་གསལ།
རིག་བྱེད་དང་བསྟན་པའི་ཁྱད་པར།
[རྩོམ་སྒྲིག]སངས་རྒྱས་པའི་བསྟན་པ་དང་རིག་བྱེད་ཀྱི་ཁྱད་པར་གང་ཞིག་ཡིན་ན། "ཐེག་ཆེན་ལ་ཡང་ཡོད་པར་མཚུངས་ཏེ། དང་པོ་སྟོན་པས་གསུངས། བར་དུ་འཇམ་དབྱངས་དང་བྱམས་པ་སོགས་ཀྱིས་བཀའ་བསྡུ་མཛད་ཅིང་བྱམས་པ་ཀླུ་སྒྲུབ་སོགས་ཀྱིས་དགོངས་འགྲེལ་གྱིས་གསལ་བར་བྱས་པ་"[༣]ཞེས་གསུངས་པ་ལྟར། སངས་རྒྱས་པའི་བསྟན་པ་ལ་ནི་བླ་མ་བརྒྱུད་པ་དང་རྒྱུ་མཚན་ཅན་གྱི་བསྟན་པ་ཡོད། གཞན་ཡང་"ལུང་ཚད་མར་ཁས་ལེན་པའི་རྐྱེན་ཏེ་ཐབས་དག་གང་འདུལ་བ་ལ་གནང། མདོ་སྡེ་ལ་འཇུག། མངོན་པའི་ཆོས་ཉིད་དང་མི་འགལ་བར་འཇུག་པའི་ཆེན་པོ་བསྟན་པ་སོགས་ལུང་དོན་རིགས་པས་གཏན་ལ་འབེབས་པའི་ཐབས་གང་གིས་ནི་ལུང་ཚད་མ་དེར་ཡིད་ཆེས་པར་སྒྲུབ་པའི་སྒྲུབ་བྱེད་དེ་ནི་ཐེག་ཆེན་གྱི་མདོ་སྡེ་ལ་ཡང་མཚུངས་པར་ཡོད་པའི་ཕྱིར་རོ། །"[༤]ཞེས་གསུངས་པའི་ཚུལ་ལས། སངས་རྒྱས་པའི་བསྟན་པ་ལ་རིགས་པའི་དཔྱད་པ་དང་ལུང་གི་གྲུབ་མཐའ་གཉིས་ཀར་མཁས་པ་ཡིན།
རིག་བྱེད་ཀྱི་རྩོད་སྤོང་།
[རྩོམ་སྒྲིག]མུ་སྟེགས་པ་རྣམས་ན་རེ། རིག་བྱེད་ལ་ཡིད་ཆེས་སུ་རུང་བའི་རྒྱུ་མཚན་ཞིག་ཡོད་པས། སངས་རྒྱས་པའི་ལུང་སྡེ་བཞིའང་ཡིད་ཆེས་སུ་རུང་བ་ཡིན་སྙམ། འདི་ལ་གཅིག་ན་རེ། "གང་ཟག་གང་རུང་བ་གཉིས་ཀྱིས་འདོད་པས་ཏེ་དེའི་ངོར་གྲུབ་ཟིན་ནས་ཁས་བླངས་ཕན་ཆད་ལུང་དེ་བདེན་པ་ཡིན་ན་ནི་རིག་བྱེད་བཞི་ལ་སོགས་པའི་མུ་སྟེགས་པའི་གཞུང་རྣམས་ཀྱང་བདེན་པར་འགྱུར་"[༥]སྙམ་ལ། འདིར་གསུངས་པའི་དོན་ནི། གང་ཟག་གཅིག་གམ་གཉིས་ཀྱིས་ལུང་གང་ཞིག་ལ་ཡིད་ཆེས་པ་དེ་ཙམ་གྱིས་དེ་ལུང་ཚད་མ་ཡིན་པར་འགྲུབ་ན། "རིག་བྱེད་ཀྱི་གཞུང་སོགས་ཀྱང་བདེན་པར་འགྱུར་བར་ཐལ། གང་ཟག་གཉིས་ཀྱིས་ཚད་མར་འདོད་པ་ཡོད་པའི་ཕྱིར་རོ། །"[༦]ཞེས་པ་ལྟར་ཐལ་འགྱུར་འདྲིད་པ་ཡིན། གཞན་ཡང་"རིག་བྱེད་ཀྱི་ངག་སྐུལ་བར་བྱེད་པའི་མཚན་ཉིད་ཀྱང་བདེན་པར་འགྱུར་ཏེ། སོགས་པའི་སྒྲས་གཟེགས་ཟན་ལ་སོགས་པའི་ཚིག་ཀྱང་བདེན་པར་འགྱུར་ལ་བརྫུན་པ་མ་ཡིན་པར་འགྱུར་"[༧]ཞེས་གསུངས་པ་ལྟར། རིག་བྱེད་ཀྱི་ནང་གི་མི་འདྲ་བའི་བཤད་པ་རྣམས་ཐམས་ཅད་བདེན་པར་འགྱུར་བར་ཐལ་ཞིང་། འདི་ནི་འབྲས་བུ་ཡོང་མི་སྲིད་པ་ཞིག་ཡིན། དེས་ན་"འུ་བུ་ཅག་ལས་གཞན་པ་གང་སུ་དག་གཉི་ག་ལ་གྲུབ་པ་དེ་དག་འདོད་ཅིང་མངོན་པར་འདོད་པ་དང་ཡང་དག་པར་འདོད་པའི་བར་དུ་སྟེ་དེ་བདེན་པ་ཇི་ལྟ་བའི་དོན་ཡིན་"[༨]ཞེས་གསུངས་པ་ལྟར། གང་ཟག་གང་གིས་འདོད་པ་དེ་ཙམ་གྱིས་དེའི་ལུང་ཚད་མ་ཡིན་པ་མ་ཡིན་པར་བསྟན།
བསྡུས་དོན།
[རྩོམ་སྒྲིག]དཔྱད་གཞིའི་ནང་གི་རིག་བྱེད་ཅེས་པའི་ཐ་སྙད་ལ་ལྟ་ན། འདི་ནི་རྒྱ་གར་གྱི་མུ་སྟེགས་པའི་གཞུང་གཙོ་བོར་བརྩིས་པ་ཞིག་ཡིན། སངས་རྒྱས་པའི་གཞུང་གི་ཚད་མ་ཉིད་སྒྲུབ་པའི་སྐབས་སུ་རིག་བྱེད་ཀྱི་དཔེ་དྲངས་ཏེ་རྩོད་སྤོང་གི་ཐོག་ནས་རིག་བྱེད་ལ་གང་ཟག་གི་འདོད་པ་དེ་ཙམ་གྱིས་ཚད་མ་ཡིན་པ་མ་ཡིན་པར་བསྟན་པ་ཡིན། དེ་ཡང་ལུང་ཞིག་ལ་ཚད་མ་ཡིན་མིན་ངེས་པར་བཞག་པར་ལུང་དོན་རིགས་པས་དཔྱད་དགོས་ཤིང་། གང་ཟག་གི་འདོད་ཚོད་དེ་ཙམ་གྱིས་ཚད་མ་ངེས་པར་འགྲུབ་མི་སྲིད་པ་བསྟན་པ་ཡིན།
ལུང་ཁུངས།
[རྩོམ་སྒྲིག]- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།