རིག་གནས་བཅུ།
དེ་ཡང་འཛམ་བུ་གླིང་གི་ཏོག་ཏུ་གྱུར་བའི་གངས་རི་ར་བས་ཡོངས་སུ་བསྐོར་བའི་ལྗོངས་འདིར་སྔོན་བྱོན་མེས་པོ་མང་པོའི་གཞལ་བར་དཀའ་བའི་བཀའ་དྲིན་ལས་མི་རིགས་གཞན་ལ་ཆུ་ཤོར་མི་དགོས་པ་རིག་ཅིང་ཤེས་པར་བྱ་བའི་གནས་ཆེ་བ་ལྔ་སྟེ། དེ་དག་རྣམས་ཀྱི་ངོ་བོ་ནི། ། སྨྲ་ངན་ཚར་གཅོང་སྒྲ་དང་ཚད། ། བློ་ལྡན་རྗེས་འཛིན་བཟོ་གསོ་བ། ། རང་ཉིད་ཀུན་ཤེས་ནང་རིག་པ། ། ཞེས་གསུངས་པ་བཞིན་སྒྲ་དང་ཚད་མས་ཚིག་དོན་འཁྲུལ་བ་ཚར་གཅོད། བཟོ་དང་གསོ་བས་གདུལ་བྱ་སྤྱི་དང་བྱེ་བྲག་རྗེས་སུ་འཛིན། ནང་དོན་རིག་པས་བདག་ཉིད་ཀུན་མཁྱེན་སྒྲུབ་པའི་ལམ་གྱི་རིམ་པ་ཀུན་ཤེས་པར་བྱེད་པས་ན་བསླབ་བྱའི་གཙོ་བོའོ། །
རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་སྟེ་བཅུ། རིག་གནས་ཆེ་བ་ལྔ་ནི། བཟོ་རིག་པ་དང་། གསོ་བ་རིག་པ། སྒྲ་རིག་པ། གཏན་ཚིགས་རིག་པ། ནང་དོན་རིག་པའོ། །ཆུང་བ་ལྔ་ནི། སྙན་ངག་དང་། མངོན་བརྗོད། སྡེབ་སྦྱོར། ཟློས་གར། སྐར་རྩིས་སོ། ། [༡]
སྒྲ་རིག་པའི་རྣམ་གཞག
[རྩོམ་སྒྲིག]དོན་གང་ཞིག་ཤེས་པར་འདོད་ན་ཡང་རྗོད་བྱེད་ཀྱི་ཚིག་གི་ལམ་ལ་བརྟེན་ནས་དོན་དེ་གོ་བར་བྱ་དགོས་པས། སྒྲ་ཤེས་ན་དོན་ལ་མི་རྨོངས་ཞེས་གྲགས་པ་ལྟར། འཇིག་རྟེན་གྱི་སྐད་རིགས་མི་འདྲ་བ་གང་དང་གང་ཡིན་རུང་ཡུལ་སོ་སོའི་ལུགས་ཀྱི་མིང་དང་དེ་ལ་བརྗོད་དོན་གསལ་བར་བྱེད་པའི་རྐྱེན་རྣམ་དབྱེ་དང་ཚིག་ཕྲད་སོགས་ཀྱི་སྦྱོར་བ་ལ་བརྟེན་ནས་བརྗོད་བྱའི་དོན་ལེགས་པར་བརྡ་འཕྲོད་པར་བྱེད་པའི་ངེས་ཅན་གྱི་ཆོས་ཉིད་གཞིར་བཟུང་ནས་གཏན་ལ་ཕབ་པའི་རིག་པའི་གཞུང་ལུགས་དེ་ལ་རང་རང་གི་ལུགས་ཀྱི་སྒྲ་རིག་པའི་བསྟན་བཅོས་དང་ལུང་དུ་སྟོན་པའི་བསྟན་བཅོས་ཟེར་ཞིང༌། བོད་ཀྱི་སྐད་ཀྱི་དབང་དུ་བྱས་ན་ཐུ་མི་སཾ་བྷོ་ཊས་བརྩམས་པའི་གཞུང་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་སོགས་ནི་བོད་མི་རིགས་རང་ཉིད་ཀྱི་སྐད་གཞིར་བཟུང་ནས་བརྩམས་པའི་སྒྲ་རིག་པའི་བསྟན་བཅོས་ཡིན་ལ། དེ་ལྟར་ཐོག་མ་ཉིད་ནས་སྒྲ་རིག་པའམ་བརྡ་སྤྲོད་རིག་པ་ལ་བསླབ་དགོས་པ་ཡིན་ཏེ། འཇམ་དབྱངས་རྣམ་སྤྲུལ་ཐུ་མིའི་གཞུང་སུམ་ཅུ་པའི་རྩ་བ་ལས། བསླབ་ལ་བརྩོན་པའི་གང་ཟག་གིས། །དང་པོར་ང་རོ་རྣམས་ལ་སྦྱང༌། །སྔོན་འཇུག་མིང་གཞི་རྗེས་འཇུག་གསུམ། །ཀློག་གི་ཆེད་དུ་བསླབ་པ་ཡིན། །དེ་ཕྱིར་དང་པོར་འདི་ཉིད་བསླབ། །དེ་ནས་རྒྱས་པའང་མཉན་བྱེད་དེ། །བསླབ་པ་གང་ལ་དད་པ་ཡི། །གཞུང་ཉིད་བླ་མ་དག་ལས་མཉན། །ཞེས་གསུངས་སོ། །
ཚད་མ་རིག་པའི་རྣམ་གཞག
[རྩོམ་སྒྲིག]ཚད་མ་རིག་པ་ཞེས་པ་ནི། གཞན་གྱི་ལོག་པར་རྟོགས་པ་ཚར་གཅོད་པར་བྱེད་པའི་རིག་པའི་གནས་ཤིག་ཡིན། དེ་ཡང་དོན་གྱི་གནས་ལ་འཁྲུལ་པ་ཚར་གཅོད་པ་སྟེ། གཞལ་བྱ་ཡུལ་དང༌། འཇལ་བྱེད་ཡུལ་ཅན་དང༌། དེ་རྟོགས་བྱེད་ཀྱི་ཐབས་བཅས་ཞིབ་མོར་གཏན་ལ་འབེབས་པར་བྱེད་པའི་རིག་པའི་གནས་ཤིག་ལ་ཟེར། དེ་ལྟར་སྟོན་པའི་ཕྱི་རོལ་པ་དང༌། ནང་པའི་གཞུང་སོ་སོར་ཡོད། ནང་པའི་གཞུང་ལ་བཀའ་དང་བསྟན་བཅོས་གཉིས་ལས། ཕྱི་མ་ནི་སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མ་ཀུན་བཏུས་སོགས་དང༌། སློབ་དཔོན་ཆེན་པོ་དཔལ་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་སྡེ་བདུན་དང༌། དེ་དག་གི་འགྲེལ་བ་ཤིན་ཏུ་མང་པོ་ཡོད་དོ། །
བཟོ་རིག་པའི་རྣམ་གཞག
[རྩོམ་སྒྲིག]དེ་ཡང་མདོ་སྡེ་རྒྱན་གྱི་འགྲེལ་བཤད་ལས། བཟོའི་གནས་ཀྱི་རིག་པ་བྱང་ཆུབ་སེམས་དཔའ་འཚོ་བར་བྱེད་དོ། །ཅིའི་ཕྱིར་ཞེ་ན། ཚེགས་ཆུང་ངུས་ཤ་ཐང་བ་མེད་པར་ལོངས་སྤྱོད་བསྒྲུབ་པར་བྱ་བ་དང༌། ལོངས་སྤྱོད་དང་ལྡན་ཞིང༌། བཟོའི་གནས་ལ་མཁས་པས་འཇིག་རྟེན་པ་རྣམས་ཀྱི་བཀུར་བར་བྱ་བ་དང༌། ལོངས་སྤྱོད་ཀྱི་སྒོ་ནས་འཇིག་རྟེན་རྣམས་ལ་ཕན་པར་བྱ་བའི་ཕྱིར་འཚོལ་བར་བྱེད་དོ། །ཞེས་བཟོ་རིག་པ་ནི་གཞན་རྗེས་སུ་འཛིན་པའི་བཟོས་ལས་ཀྱི་རིག་པའི་གནས་ཤིག་ཡིན། དེ་ཡང་མདོར་ན། ཅ་ལག་ཅི་རིགས་པ་སྐྲུན་པར་བྱེད་པའི་ཚུལ་ལུགས་ཏེ། དཔེར་ན། ཤིང་བཟོ་དང༌། ལྷམ་བཟོ། རྡོ་བཟོ། འཕྲུལ་འཁོར་བཟོ་གྲྭ། གཞུང་ལམ་བཟོས་པ་སོགས་མདོར་བསྡུས་ན་ལུས་ངག་ཡིད་གསུམ་གྱི་བཟོ་རིག་པའི་རྣམ་གྲངས་མཐའ་ཡས་པ་ཡོད། དེའི་གཞུང་ནི་བསྟན་འགྱུར་ཁྲོད་ཀྱི་བཟོ་པ་ཊ་ཞེས་པའི་གཞུང་དང༌། འཇུ་མི་ཕམ་གྱི་གསུང་བཟོ་པ་ཊ་སོགས་དང༌། གཞན་ཡང་བཀའ་འགྱུར་དང་བསྟན་འགྱུར་གྱི་གཞུང་རྣམས་སུ་བཟོ་ལས་ཀྱི་སྐོར་ཐོར་བུ་ཐོར་བུ་ཡོད་དོ། །
གསོ་བ་རིག་པའི་རྣམ་གཞག
[རྩོམ་སྒྲིག]མདོ་སྡེ་རྒྱན་གྱི་འགྲེལ་བཤད་ལས། གསོ་བ་རིག་པ་བྱང་ཆུབ་སེམས་དཔའ་འཚོ་བར་བྱེད་དོ། །ཅིའི་ཕྱིར་ཞེ་ན། ནད་དང་ནད་ཀྱི་གླིང་གཞི་དང་ནད་མེད་པ་དང༌། ནད་མེད་པའི་ཐབས་ཤེས་པར་བྱ་བ་དང༌། སེམས་ཅན་རྣམས་ཀྱི་ནད་རྣམ་པ་སྣ་ཚོགས་པ་ཞི་བར་བྱ་བའི་ཕྱིར་འཚོལ་བར་བྱེད་དོ་ཞེས།གསོ་བྱ་ནད་དང༌། གསོ་བྱེད་སྨན། གསོ་ཚུལ་བཅས་ཀྱི་སྒོ་ནས་ཚེ་རིང་བ་དང་ནད་མེད་པའི་བདེ་བ་སྒྲུབ་པར་བྱེད་པའི་རྣམ་གཞག་སྟོན་པའི་རིག་པའི་གནས་ཤིག་ཡིན་ལ། དེ་ལྟ་བུའི་གསོ་བ་རིག་པའི་བསྟན་བཅོས་ནི། སྔོན་བྱོན་མཁས་པས་མཛད་པའི་སྨན་གྱི་གཞུང་ལུགས་ཏེ། འཕགས་ཡུལ་གྱི་སློབ་དཔོན་ཆེན་པོ་དཔའ་བོའི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་དང༌། བོད་ཀྱི་མཁས་པ་ཆེན་པོ་གཡུ་ཐོག་ཡོན་ཏན་མགོན་པོས་མཛད་པའི་དཔལ་ལྡན་རྒྱུད་བཞི་ལྟ་བུའོ། །
ནང་དོན་རིག་པའི་རྣམ་གཞག
[རྩོམ་སྒྲིག]ནང་དོན་རིག་པ་ནི་རིག་པའི་གནས་ཐམས་ཅད་ཀྱི་གཙོ་བོར་གྱུར་པ་ནང་སེམས་རྒྱུད་འདུལ་ཐབས་གཙོ་བོར་སྟོན་པ་སྟེ། མདོར་ན། མངོན་མཐོ་ངེས་ལེགས་ཐབས་དང་བཅས་པའི་རྣམ་གཞག་ཕྱིན་ཅི་མ་ལོག་པར་སྟོན་པར་བྱེད་པའི་རིག་པའི་གནས་ཤིག་ཡིན། འདི་ལ་གཞུང་སྡེ་སྣོད་གསུམ་ཡོད་པ་ནི། འདུལ་བའི་སྡེ་སྣོད། མདོ་སྡེའི་སྡེ་སྣོད། མངོན་པའི་སྡེ་སྣོད་དེ་གསུམ་ཡོད། འདུལ་བའི་སྡེ་སྣོད་ཀྱི་བརྗོད་བྱ་ནི་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་སྟེ། ལྟ་སྒོམ་སྤྱོད་གསུམ་ལ་སྦྱར་ན་སྤྱོད་པ་སྟོན་པའི་གཞུང་ཡིན། མདོ་སྡེའི་སྡེ་སྣོད་ཀྱི་བརྗོད་བྱ་ནི་ཏིང་ངེ་འཛིན་གྱི་བསླབ་པ་གཙོ་བོར་སྟོན་པ་སྟེ། ལྟ་སྒོམ་སྤྱོད་གསུམ་ལ་སྦྱར་ན་སྒོམ་པ་སྟོན་པའི་གཞུང་ཡིན། མངོན་པའི་སྡེ་སྣོད་ཀྱི་བརྗོད་བྱ་ནི་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པ་སྟེ། ལྟ་སྒོམ་སྤྱོད་གསུམ་ལ་སྤྱར་ན་ལྟ་བ་སྟོན་པའི་གཞུང་ཡིན། དེ་ལྟར་སྡེ་སྣོད་གསུམ་ནི་གཞུང་ཡིན་ལ། བསླབ་པ་གསུམ་ནི་སྡེ་སྣོད་གསུམ་གྱི་བརྗོད་བྱ་ཡིན་ནོ། །
གོང་གི་ལྔ་བོ་དེ་རིག་གནས་ཆེ་བ་ལྔ་ཡིན།
སྙན་ངག་གི་རྣམ་གཞག
[རྩོམ་སྒྲིག]སྙན་ངག་ཅེས་པ་ནི། ཕལ་པའི་ངག་ལས་ཁྱད་པར་འཕགས་ཤིང་རྣ་བར་སྙན་ཅིང་ཡིད་དབང་འཕྲོག་པའི་ཚིག་སྦྱོར་ལ་ཟེར་ཞིང༌། དེའི་བསྟན་བཅོས་ལ་སྙན་ངག་གི་མཚན་ཉིད་སོགས་སྟོན་པའི་གཞུང་དང༌། གཞུང་དེ་དང་མཐུན་པར་སྦྱར་བའི་སྙན་ངག་གི་བསྟན་བཅོས་གཉིས་ཡོད་པས་སྙན་ངག་མེ་ལོང་མ་ནི་སྙན་ངག་གི་གཞུང་ཡིན་གྱི་སྙན་ངག་དངོས་མིན་ལ། སྐྱེས་རབས་དང༌། དཔག་བསམ་འཁྲི་ཤིང་ལྟ་བུ་སྙན་ངག་ཡིན་ཀྱང་སྙན་ངག་གི་གཞུང་མིན་ནོ། །
མངོན་བརྗོད་ཀྱི་རྣམ་གཞག
[རྩོམ་སྒྲིག]མངོན་བརྗོད་ནི་གཙོ་བོ་དོན་གཅིག་ལ་མིང་གི་རྣམ་གྲངས་མང་པོ་ཡོད་པའམ། མིང་གཅིག་ཉིད་དོན་མང་པོ་ལ་འཇུག་པའི་རིག་པའི་གནས་ཤིག་ལ་ཟེར། དཔེར་ན། ཉི་མ་ལ་ཚ་ཟེར་ཅན། རྟ་བདུན་དབང་པོ། སྣ་ཚོགས་འོད་ཅན་ལ་སོགས་དོན་གཅིག་མིང་གི་རྣམ་གྲངས་ལྟ་བུ་ཡིན། མངོན་བརྗོད་ཀྱི་གཞུང་ནི་ལེགས་སྦྱར་ལས་བསྒྱུར་བ་མངོན་བརྗོད་འཆི་མེད་མཛོད་དང༌། བོད་རང་གི་མཁས་པས་བརྩམས་པའི་མཁས་པའི་རྣ་རྒྱན། མངོན་བརྗོད་མཛེས་པའི་རྣ་ཆ་སོགས་ཡོད།
སྡེབ་སྦྱོར་གྱི་རྣམ་གཞག
[རྩོམ་སྒྲིག]སྡེབ་སྦྱོར་ནི་ཡི་གེ་ལྕི་ཡང་སོགས་ཀྱི་བྱེ་བྲག་སྦྱོར་བའི་སྒོ་ནས་ཚིགས་སུ་བཅད་པའི་རིག་པའི་གནས་ཤིག་ལ་ཟེར། དེ་ལྟ་བུའི་རྣམ་གཞག་སྟོན་པའི་གཞུང་ལ། ལུང་ལས་འབྱུང་བའི་ཚིགས་སུ་བཅད་པ་དང་བསྟན་བཅོས་ལས་འབྱུང་བའི་ཚིགས་སུ་བཅད་པ་གཉིས་སོ། །བོད་སྐད་ཀྱི་ཚིགས་བཅད་རྩོམ་ཡིག་ལ་སྙན་ངག་ཡིན་མིན་གཉིས་ཡོད་ཅིང༌། ཚིགས་བཅད་གཅིག་གི་ཚིག་རྐང་གི་ཚེག་བར་མང་ཉུང་ཅི་རིགས་ཡོད་ཀྱང་ཚེག་བར་ལྔ་ནས་སོ་གསུམ་བར་ཡོད་པ་སྔོན་གྱི་མཁས་པ་རྣམས་ཀྱིས་གསུངས། སྡེབ་སྦྱོར་གྱི་གཞུང་དང་དེ་དག་ལ་སློབ་གཉེར་བྱ་ཚུལ་ཡང་ལེགས་སྦྱར་གྱི་བརྡ་སྤྲོད་པའི་གཞུང་ཀཱ་ལ་པ་དང་དབྱངས་ཅན་མ་ལྟ་བུ་བསླབ་ནས། དེའི་རྗེས་སུ་རིན་ཆེན་འབྱུང་གནས་ཀྱི་འགྲེལ་པ་ཁ་གསལ་ཞིག་གི་སྟེང་ནས་ལེགས་སྦྱར་སྐད་ཀྱི་སྡེབ་སྦྱོར་སྒྲིག་ཚུལ་བསླབ། དེ་ནས་བོད་རྒྱ་ཤན་སྦྱར་གྱི་སྟེང་ནས་སྡེབ་སྦྱོར་ལྕི་ཡང་བསྒྲིག་སྟེ་ལཉ྄ཚ་དང་ཝརྟུ་བོད་ཡིག་བཅས་གསུམ་ལ་རྐང་བསྒྲིག་པ་ནི་སྡེབ་སྦྱོར་གྱིས་མཛེས་པར་བྱེད་པ་ཡིན་པས་སྙན་ངག་གི་ཡན་ལག་ཡིན་ནོ། །
ཟློས་གར་གྱི་རྣམ་གཞག
[རྩོམ་སྒྲིག]ཟློས་གར་ནི་སྔོན་བྱུང་གི་གཏམ་ལྟ་བུའི་གཟུགས་སུ་བྱས་ཏེ་སྐད་རིགས་སོ་སོའི་རྗོད་བྱེད་རྣམས་ཉེ་བར་དྲངས་པའི་གླུ་ཟློས་ཤིང་གར་བྱེད་པ་ལ། ལུས་ཀྱི་རྣམ་འགྱུར་རྣམ་པ་སྣ་ཚོགས་དང་དབྱངས་ཀྱི་བྱེ་བྲག་ཐ་དད་པ་རྣམས་དང༌། ལྷའི་རྗེས་སུ་སྐྱེས་པ་དང༌། དྲང་སྲོང་གི་རྗེས་སུ་སྐྱེས་པ་དང༌། བློ་གསལ་གྱི་རྗེས་སུ་སྐྱེས་པ་ལ་སོགས་པ་དང༌། འདྲེན་པ་དང༌། དཀྱུས་གཅིག་ཏུ་སྦྱར་བ་དང༌། དཀྱུས་གཉིས་པ་དང༌། ཕྱེད་ཕྱི་མ་ལ་སོགས་མཚན་ཉིད་རྣམས་དང་ལྡན་ཞིང༌། རྗོད་བྱེད་སྣ་ཚོགས་པའི་སྐད་ཀྱིས་གླུར་ཚིགས་སུ་བཅད་པ་དང༌། ལྷུགས་པ་དང༌། སྤེལ་མ་རྣམས་རོལ་མོ་དང་བསྡེབས་ནས་བསྒྱུར་པ་སྟེ། དེ་ཡང་ལྷ་དང༌། ཀླུ་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། གནོད་སྦྱིན། མི་དང་མི་མ་ཡིན་པ་རྣམས་ཀྱི་གར་དང་སྐད་རིགས་སོ་སོའི་གླུའི་ཁྱད་པར་རྣམ་པ་བདུན་དུ་གྲགས་པ་ཡོད་དོ། །དེ་ལྟ་བུའི་ཟློས་གར་ཡང༌། སྔར་རྗེ་བཙུན་ས་པཎ་གྱིས་གསན་པའི་གཟུགས་ཀྱི་ཉི་མ་དང་བྷ་ར་ཏ་དང༌། ཕྱིས་སུ་ཡང་ལེགས་སྦྱར་ལས། བོད་སྐད་དུ་བསྒྱུར་བ་ཀླུ་ཀུན་ཏུ་དགའ་བའི་ཟློས་གར་དང༌། འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར་སོགས་ཡོད་ལ། རྒྱ་གཞུང་གི་ཁུངས་དང་ལྡན་པ་དག་ལ་བོད་རང་གིས་ལེགས་བཅོས་བྱས་ནས་འཆམ་དང༌། ཆོས་རྒྱལ་ནོར་བཟང་དང༌། དྲི་མེད་ཀུན་ལྡན་སོགས་དང༌། བོད་རང་གི་ཟློས་གར་སྲོང་བཙན་སྒམ་པོ་དང༌། ཁྲི་སྲོང་ལྡེའུ་བཙན། སེང་ཆེན་ནོར་བུ་དགྲ་འདུལ་གྱི་སྐོར་སོགས་ཡོད།
སྐར་རྩིས་རིག་པའི་རྣམ་གཞག
[རྩོམ་སྒྲིག]སྐར་རྩིས་སམ་རྩིས་རིག་ནི་ཕྱི་ནང་གཞན་གསུམ་སྟོན་པའི་དཔལ་དུས་འཁོར་རྒྱུད་ལས་གསུངས་པའི་སྐར་རྩིས་ཀྱི་རྣམ་པར་བཞག་པ་ལ། བོད་ཀྱི་མཁས་པ་རྣམས་ཀྱིས་ལེགས་པར་བརྟགས་ཤིང་དཔྱད་དེ་གཏན་ལ་ཕབ་པའི་རྩིས་ལ་བོད་རྩིས་ཞེས་གྲགས། རྒྱ་ནག་གི་རྩིས་ལས་བསྒྱུར་བ་ལ་བོད་རང་གི་ལུགས་སུ་བཅོས་ཏེ་རང་སའི་གནས་ཚུལ་མཐུན་པར་གཏན་ལ་ཕབ་པ་ལ་རྒྱ་རྩིས་ཞེས་གྲགས་པ་བཅས་སོ། ། ། །
གོང་གི་ལྔ་བོ་དེ་རིག་གནས་ཆུང་བ་ལྔ་ཡིན།
- ↑ དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།