མངོན་པ་སྡེ་བདུན་

ཡོང་ཁུངས་Wikipedia

མངོན་པ་སྡེ་བདུན།[རྩོམ་སྒྲིག]

བྱེ་བྲག་སྨྲ་བ་རྣམས་ཀྱིས་སངས་རྒྱས་ཀྱི་བཀའ་ཡིན་པར་འདོད་པ་དང་། མདོ་སྡེ་པ་ཡན་ཆད་ཀྱིས་དགྲ་བཅོམ་པ་བདུན་གྱིས་རང་དབང་དུ་བརྩམས་པའི་བསྟན་བཅོས་ཡིན་པར་འདོད་པའི་གཞུང་བདུན་ཏེ། ཇི་སྐད་དུ། ཆོས་ཀྱི་ཕུང་པོ་ཤཱ་རིའི་བུས། གདགས་པའི་བསྟན་བཅོས་མོའུ་འགལ་བུས། ཁམས་ཀྱི་ཚོགས་ནི་གང་པོས་བྱས། རྣམ་ཤེས་ཚོགས་ནི་ལྷ་སྐྱིད་ཀྱིས། ཡེ་ཤེས་ལ་འཇུག་ཀ་ཏྱའི་བུས། རབ་ཏུ་དབྱེ་བ་དབྱིག་བཤེས་ཀྱིས། ཡང་དག་འགྲོ་བའི་རྣམ་གྲངས་ནི། གསུས་པོ་ཆེ་ཡིས་བྱས་ཞེས་གྲགས། ཞེས་སོ། བྱེ་བྲག་སྨྲ་བ་རྣམས་ཀྱིས་བདུན་པོ་འདི་དག་བཀའ་ཡིན་པར་འདོད་དེ། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་འཐོར་བུའི་ཚུལ་དུ་གསུངས་པ་རྣམས་ཤཱ་རིའི་བུ་སོགས་དགྲ་བཅོམ་པ་བདུན་གྱིས་ཕྱོགས་གཅིག་ཏུ་བསྡུས་པའི་ཕྱིར། དཔེར་ན་མདོ་སྡེ་དང་། འདུལ་བ་ལྟ་བུའོ། གལ་ཏེ་དེ་ལྟར་མ་ཡིན་ན་མདོ་ལས་སྡེ་སྣོད་གསུམ་ཞེས་པའི་སྡེ་སྣོད་གསུམ་མངོན་པའི་སྡེ་སྣོད་མ་ཚང་བར་འགྱུར་བའི་སྐྱོན་ཡོད་ཟེར། མདོ་སྡེ་པ་ཡན་ཆད་ཀྱིས། མངོན་པ་སྡེ་བདུན་པོ་འདི་དག་བསྟན་བཅོས་ལས་བཀའ་ཡིན་པར་མི་འདོད་དེ། དེའི་ནང་འདུས་མ་བྱས་དངོས་པོར་བཤད་པས། འཕགས་པ་དག་ནི་དེ་ལྟར་མི་བཞེད་པའི་ཕྱིར་དང་། བཅོམ་ལྡན་འདས་ཀྱི་བཀའ་ལ་མངོན་པའི་སྡེ་སྣོད་མ་ཚང་བའི་སྐྱོན་ཡང་ཡོད་པ་མ་ཡིན་ཏེ། མངོན་པའི་སྡེ་སྣོད་ཟུར་དུ་མེད་པ་བདེན་ཡང་། མདོ་སྡེ་དང་འདུལ་བ་གཉིས་ཀྱི་ནང་ན་ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་སྤྱི་ཁྱབ་ཏུ་བསྟན་པའམ་གསེབ་ཚགས་རྣམས་ནས་བསྟན་པའི་ཕྱིར། འདི་དག་དགྲ་བཅོམ་པ་དེ་དག་གི་དགོངས་པ་འགྲེལ་བར་བྱེད་པའི་བསྟན་བཅོས་ནི་བྱེ་བྲག་སྨྲ་བའི་གཞུང་གི་གཙོ་བོ་《བྱེ་བྲག་བཤད་མཛོད་ཆེན་མོ》ཞེས་བྱ་བ་དེ་ཡིན་ཞིང་། ཕྱིས་སློབ་དཔོན་དབྱིག་གཉེན་གྱིས་གསན་ནས། བསྟན་བཅོས་དེ་དག་ཐམས་ཅད་ཀྱི་བརྗོད་པར་བྱ་བའི་སྙིང་པོ་མ་ལུས་བསྡུས་ནས། ཐེག་པ་དམན་པའི་ལུགས་སུ་《ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ》ཞེས་བྱ་བ་གནས་བརྒྱད་དང་ལྡན་པའི་བདག་ཉིད་ཅན་གྱི་བསྟན་བཅོས་ཆེན་པོ་དེ་མཛད་དོ།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།