མཁན་སློབ་ཆོས་གསུམ།

ཡོང་ཁུངས་Wikipedia
    མཁན་སློབ་ཆོས་གསུམ་གྱི་ལོ་རྒྱུས། 

རྒྱལ་བོ་ཁྲི་སྲོང་ལྡེ་བཙན་ནི་གནའ་རབས་བོད་དུ་ཆོས་སྲིད་གཉིས་ཀར་མཛད་རྗེས་ཆེ་བའི་བཙན་པོ་མེས་དབོན་རྣམ་གསུམ་ཞེས་གྲགས་པའི་ནང་ཚན་ཡིན།རྒྱལ་བོ་འདིའི་དགུང་རྙིང་རྟ་ལོ་ཡིན་པར་བོད་ཀྱི་ལོ་རྒྱུས་མང་ཆེ་བ་མཐུན་ཡང《རྦ་བཞེད་ཞབས་བཏགས་མ》ལས་ཡོས་ཀྱི་ལོར་འཁྲུངས་པར་བཤད་ཚན་ཞིག་ཡོད།རྟ་ལོ་དེ་ཡང་།ས་རྟ།ལྕགས་རྟ།ཆུ་རྟ་བཅས་བཞེད་པ་མི་འདྲ་བ་གསུམ་བྱུང་བའི་ནང་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་བས་མཛད་པའི《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》ནང་དགུང་རྙིང་ཆུ་རྟ་ཡིན་པར་གསུངས་བ་དང་།སྨིན་གྲོལ་གླིང་ལོ་ཆེན་དྷརྨ་ཤྲྀས《རྩིས་གཞུང་ཉིན་བྱེད་སྣང་བ་རྩ་འགྲེལ》ལས་དགུང་རྙིང་ཆུ་རྟ་ཡིན་པ་འདི་གཉིས《ཏུང་ཧོང་གི་ལོ་རྒྱུས་ཡིག་རྙིང》དང་མཐུན་པས་ཁུངས་བཙན་པར་སྣང་ཞིང་།དེ་ལྟར་ན་འཁྲུངས་ལོ་ནི(༧༤༢)ལོ་ཡིན། དགུང་ལོ་བཅོ་ལྔ་བ་མེ་སྤྲེལ(༧༥༩)ལོར་སྲིད་དབང་ཕྱག་ཏུ་བཞེས་ཏེ།མཐའ་བཞིའི་མངའ་འབངས་ཡོངས་ལ་བཀའ་ཤོག་ཆེན་པོ་བསྩལ་ཅིང་།མངའ་ཐང་དར་རྒྱས་ཆེ་བའི་རྩེ་མོར་སོན་ཏེ།ཆོས་སྲིད་གཉིས་ཀར་མཛད་རྗེས་རླབས་ཆེན་ཆེ་བ་བྱུང་བ་གཤམ་གསལ་ལྟར། ༡.སྲིད་དབང་བཟུང་ནས་ལོ་བདུན་པ་ཆུ་སྟག(༩༦༢)ལོར་དམག་དཔོན་ཞང་རྒྱལ་གཟིགས་དང་།བློན་སྟག་སྒྲ་ཀླུ་ཀོང་།བློན་སྟོང་བཙུན་སོགས་པས་བོད་དམག་འབུམ་གཅིག་ཙམ་ཁྲིད་ནས་ཐང་གི་ཁོངས་གཏོགས་མཁར་དང་ས་ཆ་མང་པོ་ཕྲོགས་བཟུང་གིས་རྒྱལ་ས་ཁྲང་ཨན་ཉིན་བཅོ་ལྔ་ཙམ་བཟུང་བ་དང་།གོང་མ་ཐང་ཏའི་ཙུང་ཡང་གནས་སྐབས་རིང་ཤེན་ཇུ་་བྲོས་དགོས་བ་བྱུང་བ་སོགས་རྒྱ་བོད་ཡིག་ཆ་གཉིས་ཀར་གསལ། ༢.སྲིད་དོན་བྱས་རྗེས་ཅན་ལ་བཟང་བསྟོད་དང་།སྲིད་དོན་བྱ་བ་གལ་ཆེའི་རིགས་བློན་རྣམས་དང་གྲོས་བསྡུར་གྱིས་རྒྱལ་བློན་གང་འོག་མཐུན་སྒྲིལ་ཆེ་བས་བཙན་པོའི་སྲིད་ཤུགས་ཇེ་ཆེར་སོང་བ། ༣.མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་པདྨ་འབྱུང་གནས་སྤྱན་དྲངས་ཏེ་གཞི་རྒྱ་ཆེ་ཞིང་བཀོད་པ་ལེགས་པའི་བསམ་ཡས་གཙུག་ལག་ཁང་བཞེངས་པ། ༤.བསམ་ཡས་སུ་རང་བྱུང་གི་སྡེ་ཐོག་མར་བཙུགས་ནས་ནང་བའི་བསྟན་པ་དར་རྒྱས་ཀྱི་རྨང་གཞི་ཐོག་མར་འདིང་བར་མཛད་པ། ༥.བཙན་པོ་རང་ཉིད་ས་གནས་སོ་སོར་དངོས་སུ་ཕེབས་ཏེ།བློ་རྣོ་བའི་བོད་མིའི་བུ་ཕྲུག་མང་བོ་འདེམས་སྒྲུག་གནང་སྟེ་བསམ་ཡས་ཀྱི་སྒྲ་བསྒྱུར་རྒྱ་གར་གླིང་དུ་ཡིག་བསྒྱུར་གྱི་སློབ་གྲྭ་ཐོག་མར་འཛུགས་པ་གནང་སྟེ་ལོ་ཙཱ་བའི་དཔུང་ཁག་སྟོབས་ཆེན་ཞིག་གསོ་སྐྱོང་གནང་བ་དང་།མདོ་སྔགས་རིག་གནས་དང་བཅས་བ་བོད་ཡིག་ཏུ་བསྒྱུར་ཏེ།བོད་སྐད་ཡིག་སྒྱུར་གྱི་བྱ་གཞག་འཕེལ་རྒྱས་ཆེན་པོ་བྱུང་བ། ༦.བོད་ཀྱི་སྨན་པ་མཁས་པ་ཕྱི་རྒྱལ་དུ་མངགས་པ་དང་།ཕྱི་རྒྱལ་དང་ནང་སའི་སྨན་པ་མཁས་པ་བོད་དུ་གདན་དྲངས་ཏེ་གུས་བཀུར་སྣེ་ལེན་ཕུན་སུམ་ཚོགས་པ་གནང་ནས་སྨན་གཞུང་གསར་རྩོམ་དང་ཡིག་བསྒྱུར་ཟུང་འབྲེལ་ཐོག་ནས་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་དར་རྒྱས་གཏོང་གནང་མཛད་པ། ༧.དམག་དོན་དང་སྲིད་དོན་ཐོག་བྱས་རྗེས་ཆེ་བའི་བློན་པོ་རྣམས་ལ་གཟེངས་བསྟོད་ཀྱི་བཀའ་གཙིགས་དང་།གོ་གནས།སྡེ་མི་སེར་གྱི་བྱ་དགའ་བཅས་གང་ལ་གང་འོས་གནང་སྟེ་མིག་དཔེ་བཟང་བོ་འཇོག་གནང་མཛད་རྗེས་གཙོ་ཆེ་བ་དེ་རྣམས་ཡིན།མེ་གླང(༧༩༦)ལོར་སྐུ་གཤེགས། མཁན་ཆེན་བོ་དྷི་སྭ་ཏྭ་ནི་བོད་དུ་སངས་རྒྱས་ཆོས་ལུགས་ཀྱི་རབ་བྱུང་ཐོག་མར་འཛུགས་སྐབས་སྡོམ་པ་གནང་མཁན་ཡིན་པས་མཁན་པོ་དང་།བྱང་ཆུབ་ཀྱི་སེམས་ཐུགས་བརྒྱུད་ལ་མངའ་བས་བོ་དྷི་སྭ་ཏྭ་སྟེ་བྱང་ཆུབ་སེམས་དཔའ་ཞེས་ཞུ་སྲོལ་ཡོད་ཅིང་མཚན་དངོས་ནི་རྒྱ་གར་སྐད་དུ་ཤནྟ་རཀྵིཏ་སྟེ་བོད་སྐད་ལ་བསྒྱུར་ན་ཞི་བ་འཚོ་ཟེར།དམ་པ་འདི་ནི་རྒྱ་གར་ཕྱོགས་ཀྱི་ཡུལ་བམ་གྷ་ལའམ་ཟ་ཧོར་གྱི་གྲོང་ཁྱེར་དུ་ཡབ་རྒྱལ་བོ་གཙུག་ལག་འཛིན་ལ་སྲས་ལྕམ་སྲིང་གསུམ་ཡོད་པའི་འབྲིང་བོ་ཡིན།བོད་ཀྱི་ལོ་རྒྱུས་ཡིག་ཆ་མང་བོར་དམ་པ་འདི་དགུང་ལོ་དགུ་བརྒྱ་ལྷག་ཙམ་བཞུགས་ཟེར་སྲོལ་འདུགཇོ་ནང་ཏཱ་ར་ན་ཐས་མཛད་པའི《རྒྱ་གར་ཆོས་འབྱུང》ལེའུ་ཉི་ཤུ་རྩ་དགུའི་ཐད་འདི་ལྟར་གསུངས་ཏེ་བོད་ཀྱི་ཡུལ་དུ་བྱོན་པའི་ཨ་ཙ་རྱ་བོ་དྷི་སྭ་ཏྭ་ནི་རྒྱལ་བོ་གོ་པཱ་ལ་ནས་རྒྱལ་བོ་རྡརྨ་པཱ་ལའི་བར་ངེས་པར་བཞུགས་པར་མངོན་ལ།བོད་ཀྱི་ལོ་རྒྱུས་ཁུངས་ཆེ་བར་བྱས་བ་མང་བོ་ཞིག་གི་ནང་བོད་ཀྱི་རྒྱལ་བོ་དགུ་མཁན་པོ་འདིའི་རིང་ལ་འདས་ཟེར་བ་སྣང་བས་དེ་ལྟར་ན།སློབ་དཔོན་འཕགས་པ་ཐོགས་མེད་སྐུ་མཆེད་གཉིས་ཀྱི་ཞབས་ཟིན་པ་ཙམ་དུ་བྱེད་དགོས་ཏེ་ཇི་བཞིན་ཡིན་པར་དཀའ་འོ་ཞེས་གསལ་བ་དེ་རང་གཞིར་བཟུང་ན།རྒྱ་གར་ཤར་ཕྱོགས་ཀྱི་རྒྱལ་བོ་གོོ་པཱ་ལས་སྲིད་དབང་བཟུང་བའི་དུས་ནི་ཏཱ་ར་ནཱ་ཐས《རྒྱ་གར་ཆོས་འབྱུང》དུ་གསུངས་པའི་པཱ་ལ་རྒྱལ་རབས་ཀྱི་ལོ་གྲངས་གཞིར་བཟུང་ན་སྤྱི་ལོའི་དུས་རབས་བདུན་པའི(༧༨༥ནས༧༢༠)བར་ཡིན་ཅིང་།དེ་ནས་རྩིས་བའི་བརྒྱ་བོ་དྷརྨ་པཱ་ལས་སྲིད་བཟུང་བའི་དུས་ནི་སྤྱི་ལོའི་དུས་རབས་བརྒྱད་པ(༧༩༠)ནས་སྤྱི་ལོའི་དུས་རབས་དགུ་བའི(༨༥༣)བར་ཡིན།