བོད་སིལ་བུར་འཐོར་བའི་དུས།

ཡོང་ཁུངས་Wikipedia

འོད་སྲུང་དང་ཡུམ་བརྟན་གཉིས་མ་འཆམས་པར་དབུ་གཡོ་གཉིས་སུ་གྱེས་པའི་སྐོར། དེ་ཡང་ལྷ་ལུང་དཔལ་གྱི་རྡོ་རྗེའི་མདས་བཙན་པོ་དར་མའི་སྨིན་མཚམས་སུ་ཕོག་སྟེ་མདེའུ་ལྟག་པར་ཕྱུང་བ་ན། ཨུ་དམ་གྱིས་ཡང་ན་ལོ་གསུམ་གྱིས་སྔས། ཡང་ན་ལོ་གསུམ་གྱིས་འཕྱིས། ལག་པ་གཉིས་མདའ་ལ་འཇུ་བཞིན་གྲོངས་པས། ཁོང་གི་ལས་དོན་ཡིད་བཞིན་མ་འགྲུབ་པར་ལུས། དར་མ་བཀྲོངས་ནས་ཟླ་ཤས་འདས་པར་བཙུན་མོ་ཆུན་མ་ཚེ་སྤོང་བཟའ་ལ་སྲས་གཅིག་བྱུང་བ་ཆེན་མས་གསད་དམ་ཕྲོགས་ཀྱིས་དོགས་ནས་འོད་དང་མ་བྲལ་བར་བསྲུངས་པས་གནམ་ལྡེ་འོད་སྲུང་དུ་ཐོགས། དེའི་ཚེ་ཆེན་མ་སྣ་ནམ་བཟས་ཀྱང་བུ་ཆུང་སོ་སྐྱེས་པ་ཅིག་ང་ལ་མདང་སྐྱེས་སོ། ཞེས་བསྟན་པས་བློན་པོ་རྣམས་ཐེ་ཚོམ་དུ་གྱུར་ཀྱང་། ཡུམ་བཙུན་མོ་དབང་ཆེ་བའི་སྨྲ་མ་ནུས་ཏེ། ཡུམ་གྱི་ཇི་ལྟར་གསུངས་པ་བཞིན་བརྟན་དུ་བཅུག་པས་ཁྲི་ལྡེ་ཡུམ་བརྟན་དུ་ཐོགས། ཕྱིས་སུ་འོད་སྲུང་དང་ཡུམ་བརྟན་གཉིས་སྲིད་ལ་མ་འཆམས་པར་ཕྱོགས་ཁག་གཉིས་སུ་གྱེས་ཏེ་དམག་འཁྲུག་ལོ་བཅུ་ལྷག་ལ་བྱས་མཐར། འོད་སྲུང་གི་ཕྱོགས་ཕམ་ནས་སྟོད་མངའ་རིས་སུ་བྲོས་ཏེ་གཡོ་རུ་བཟུང་བ་དང་ཡུམ་བརྟན་གྱིས་དབུ་རུ་བཟུང་།