Talk:བོད་སིལ་བུར་འཐོར་བའི་དུས།

Page contents not supported in other languages.
ཡོང་ཁུངས་Wikipedia

གྲངས་ཀྱི་མངོན་བརྗོད་ཀྱི་སྡོམ་ཚིག་གསལ་བའི་སྒྲོན་མེ་བཞུགས་སོ།།

བེ་རི་འཇིགས་མེད། ན་མོ་གུ་རུ་སུ་མ་ཏི་མཉྫུ་གྷོ་ཥཱ། འཕགས་བོད་སྔོན་དང་དུས་དེང་གི ། ཕྱི་ནང་རིག་པའི་གནས་དག་ལ།། མཁས་དང་གྲུབ་པའི་སྐྱེས་ཆེན་ཀུན།། གུས་པས་གཙུག་ན་བཏེགས་བྱས་ཏེ།།

སྒྲུང་ལྡེའུ་རྩིས་དང་སྙན་ཚིག་ལ།། ཉེར་མཁོའི་གྲངས་ཀྱི་མངོན་བརྗོད་འགའ།། བེེཌཱུརྱ་དཀར་པོའི་བསྡུས་དོན་ཐོག། སྟབས་བདེ་འགའ་ཞིག་བསྣན་པར་བྱ།། ཐིག་གི་མིང་། སྟོང་པ་ནམ་མཁའ་བྱ་སྒོང་ཐིག ། གནས་འཛིན་ཐིག་ལེ་གོར་ཐིག་རྣམས།། ཀླད་ཀོར་མཚོན་པའི་མིང་ཚབ་ཡིན།། གཅིག་གི་མིང་། རི་བོང་ཟླ་བ་འོད་དཀར་ཅན། ། བསེ་རུ་རང་རྒྱལ་རང་སངས་རྒྱས།། ཙུ་ཏ་མཐའ་ཐུག་ཐེག་པ་གཟུགས།། མགོ་དང་ཁ་སྣ་གཅིག་གི་མིང་ཡིན།། གཉིས་ཀྱི་མིང་། འཁྲིག་བགྲོད་འཚེ་མ་ཐབས་ཤེས་རྭ༎ རྐང་པ་རྣ་བ་རྒྱུད་གྲྭ་ཟུང་།། ཤིང་རྟ་སྲོལ་འབྱེད་ཡང་འཇུག་མིག། ཀུན་རྫོབ་གཤོག་པ་གཉིས་ཀྱི་མིང་།། གསུམ་གྱི་མིང་། དཀོན་མཆོག་བཀའ་དྲིན་སྐུ་དང་སྐྱབས༎ བསླབ་པ་སྡེ་སྣོད་འཁོར་ལོ་དུས༎ སྒོ་དང་དངོས་པོ་ངོ་བོ་ཉིད༎ ཆོས་གོས་མེས་དབོན་རྗེ་ཡབ་སྲས༎ འཇིག་རྟེན་འཇུག་སྒོ་རྗེས་དཔག་དུག ། ཉོན་མོངས་ཏིང་འཛིན་རྟགས་ལྟར་སྣང་༎ གཏན་ཚིགས་ཡང་དག་རྟེན་དང་ཚུལ༎ ཐེ་ཚོམ་ཐེག་པ་མཐོང་སྤང་དང་།། མགོ་ཅན་ངན་འགྲོ་གངྒཱ་མ།། བདེ་འགྲོ་སྡོམ་པ་སྣོད་ཀྱི་སྐྱོན༎ དྲག་པོའི་མིག་དང་དགའ་བྱེད་མདའ།། ཡིད་ཀྱི་མི་དགེ་སྤྲུལ་སྐུ་དཔྱད༎ གསང་བ་ཚོར་བ་མཚན་ཉིད་ཡུམ༎ གཞལ་བྱའི་གནས་དང་བསྐོར་རྒྱན་དང་།། བོད་ཁམས་གདན་ས་མངའ་རིས་སྐོར།། འཚེ་བ་ཏྲི་ཤུལ་ཡོན་ཏན་མེ།། ཐུན་མོང་རྒྱན་རྣམས་གསུམ་གྱི་མིང་༎ བཞིའི་མིང་། ཀ་ཆེན་བཀར་བཏགས་རྐྱེན་དང་སྐད༎ འབྱུང་བ་བསྐལ་པ་ཆུ་བོ་སྐུ༎ ཕྱག་རྒྱ་གྲུབ་མཐའ་ཕམ་པ་གླིང་༎ བསྡུ་བ་བདེན་པ་རྒྱལ་ཆེན་དགའ༎ རྒྱུད་སྡེ་དུས་ཆེན་ཁ་འབབ་ལས༎ སྦྱོར་བ་མངོན་སུམ་ཆོས་ཀྱི་སྡོམ།། ཆོས་ཤེས་ཆོས་བཟོད་རྗེས་ཤེས་བདུད༎ རྟོག་པ་དཔུང་ཚོགས་ལྟུང་བའི་སྒོ༎ དྲན་པ་ཉེར་བཞག་མཐུན་པ་སྤུན༎ རིག་བྱེད་མི་འཇིགས་རྩ་བའི་སྡེ༎ ཞུགས་པ་ཞེན་པ་གཞན་འགྱུར་ཟས༎ ཟག་པ་གཟུགས་མེད་ཡང་དག་སྤོང་༎ སྤྱོད་ལམ་འདོགས་ཅན་བཞི་ཡི་མིང་༎ ལྔའི་མིང་། ཀུན་འགྲོ་བཀའ་པོད་སྐྱ་བསེང་བུ༎ མཁའ་འགྲོ་རིག་གནས་ལྟུང་བ་སྡེ༎ བཤད་ཐབས་འཁོར་བསྒྱུར་འགོ་བའི་ལྷ༎ དབང་པོ་ཡན་ལག་ངེས་པ་ལམ༎ མངོན་ཤེས་རིམ་པ་སྔོན་འཇུག་ཁམས༎ གོང་མ་ཕུང་པོ་མཚམས་མེད་སྐུ༎ ཉེས་པ་ཉོན་མོངས་སྙིགས་མ་རིགས༎ རྟོག་གེ་ལྟ་བ་ལྟ་མིན་སྟོབས༎ ཐ་སྙད་ལོག་འཚོ་བདུད་རྩི་ཤ ། འདོད་ཡོན་གནས་གཙང་གནས་ཆེན་མདའ༎ ཕུན་ཚོགས་བྱམས་ཆོས་ཚད་མིན་དུག ། མཚུངས་ལྡན་ཡེ་ཤེས་གཟིགས་པ་སྤྱན༎ ཡིད་མངོན་རང་འབྱོར་གཞན་འབྱོར་རླུང་༎ ས་སྡེ་ཉེར་སྤྱོད་ལྔ་ཡི་མིང་།། དྲུག་གི་མིང་། ཕྲ་རྒྱས་གྲོང་ཁྱེར་འགྲོ་བ་ཁམས༎ མངོན་ཤེས་སྟོན་པ་འདུ་ཤེས་སྟོབས༎ འདོད་ལྷ་ནུ་གུ་ན་རོའི་ཆོས༎ རྣམ་ཤེས་ཕར་ཕྱིན་འཛམ་གླིང་རྒྱན༎ སྦྱོར་ཆོས་མུ་སྟེགས་རྩ་བའི་ཆོས༎ རྩ་ཉོན་ཚེ་རིང་ཚོར་བ་རིགས༎ རིགས་ཚོགས་རུས་རྒྱན་རོ་སྙོམས་རྒྱུ༎ བྱེད་པ་བྱེད་ཆོས་སྨན་བཟང་རོ།། སྣོད་དང་འགལ་རྒྱན་དྲུག་གི་མིང་༎ བདུན་གྱི་མིང་། ཀློང་ཆེན་མཛོད་དང་བཀའ་གདམས་དང་༎ ཁ་སྦྱོར་རིན་ཆེན་གསེར་རི་རྒྱ༎ ཉེ་བའི་རིན་ཆེན་ཡན་ལག་མཚོ༎ རྒྱུ་འབྲས་མན་ངག་མངོན་པ་སྡེ༎ མངོན་སུམ་ལྟར་སྣང་རྣམ་སྣང་ཆོས༎ འཇིག་རྟེན་གཏད་རབས་ཉི་མའི་རྟ༎ བདེ་གཤེགས་འཕགས་ནོར་བློ་རིགས་དང་༎ བྱང་ཆུབ་ཡན་ལག་གནམ་གྱི་ཁྲི༎ ཚད་མ་སྡེ་དང་མ་དག་ས༎ ལུས་ཟུངས་གསོ་སྦྱོང་སད་མི་གཟའ༎ ཐུབ་པ་དྲང་སྲོང་བདུན་གྱི་མིང་༎ བརྒྱད་ཀྱི་མིང་། ལྷ་ཀླུ་གྲུབ་པ་བཀྲ་ཤིས་མཚམས༎ ཚ་དམྱལ་གྲང་དམྱལ་གླིང་ཕྲན་གནས༎ རྣམ་དབྱེ་དངོས་པོ་མངོན་རྟོགས་ཆུ༎ མཆོད་རྟེན་མཆོད་པའི་ལྷ་མོ་ཉམས༎ ཚངས་པའི་རྣ་བ་རོལ་པའི་མཚོ།། སྒྲུབ་བརྒྱུད་ཤིང་རྟ་འཇིག་རྟེན་ཆོས༎ རྟོག་གེའི་ཚིག་དོན་མི་ཁོམ་གནས༎ དངོས་གྲུབ་དབང་ཕྱུག་དུར་ཁྲོད་ཆས༎ རྡུལ་རྫས་རྣམ་ཐར་རྣམ་ཤེས་སྡེ༎ ཉེ་སྲས་ཞུགས་གནས་མཐའ་དང་དབྱིབས༎ གསོ་དཔྱད་པྲ་ཀ་ར་ཎ་དང་།། འཕགས་ལམ་དམན་ས་བརྒྱད་ཀྱི་མིང་༎ དགུའི་མིང་། སྒོམ་སྤང་འཇིག་བྱེད་འཇུག་སྒྲུབ་གཏེར༎ སྙོམས་འཇུག་གོ་དང་ཟག་མེད་ས༎ སེམས་གནས་འགལ་རྒྱན་བུ་ག་དཔེ༎ གསུང་རབ་ཡན་ལག་སྲིན་པོ་རྩ༎ གཟི་མིག་བསྟན་བཅོས་དགུ་ཡི་མིང་།། བཅུའི་མིང་། ཁྱབ་འཇུག་ཁྲོ་བོ་རིག་གནས་དགེ ། སྒྱུ་མའི་དཔེ་དང་ཆོས་སྤྱོད་ཞིང་༎ ཕྱོགས་སྐྱོང་རྗེས་འཇུག་མཉམ་ཉིད་སྟོབས༎ ཕར་ཕྱིན་གདམས་ངག་མི་དགེ་ས༎ ཕྱོགས་ཤོད་འབྱོར་པ་ལ་མགོ་བཅུ༎ བཅུ་གཅིག་གི་མིང་། སྒྲུབ་པའི་དམིགས་པ་དམིགས་རྣམ་དང་༎ བདེ་བྱེད་བདེ་འབྱུང་དབང་ཕྱུག་དྲག ། དམིགས་པ་རེག་བྱ་བྱེད་པ་སྲས༎ དོན་བྱ་དྲིས་ལན་འཕོ་བ་དང་།། བུམ་དབང་བྱེད་མཚན་བོད་ཀྱི་རི།། རྫོགས་ཚིག་ར་བཏགས་ས་མགོ་དང་།། པཎ་ཆེན་སྐུ་རབས་བཅུ་གཅིག་མིང་།། བཅུ་གཉིས་ཀྱི་མིང་། སྐྱེ་མཆེད་རྟེན་འབྲེལ་བརྟན་མ་ཁྱིམ༎ སྦྱངས་པའི་ཡོན་ཏན་ཐབས་མཁས་ས༎ གསུང་རབ་མཛད་པ་སྒྱུ་མའི་དཔེ།། བསྲེགས་རྫས་ཁ་དོག་གཟུགས་རགས་པ།། འཕྲུལ་འཁོར་དུས་ཚོད་བསམ་ཡས་གླིང་།། ར་མགོ་མོ་ཡིག་ལྷ་མོའི་ཤོ།། ཟླ་བ་རྒྱལ་ཕྲན་བཅུ་གཉིས་མིང་༎ བཅུ་གསུམ་གྱི་མིང་། ལྷག་མ་མགུལ་ལྷ་ཁྲི་སྐོར་ས༎ འདོད་པ་ལུས་མེད་སྒྲུབ་པ་དང་༎ མྱོས་བྱེད་གདུགས་དང་འཇིགས་བྱེད་ལྷ།། ཞལ་ལྕེ་སྐྱིད་པའི་གདུང་རབས་དང། །། ཐོན་མིའི་གདུང་བརྒྱུད་གུར་གྱི་ལྷ།། ཁྲིམས་ཡིག་དུས་ངན་འདུལ་བ་དང་།། སུམ་བརྩེགས་ལས་ཚན་བཅུ་གསུམ་མིང་༎ བཅུ་བཞིའི་མིང་། དམ་ཚིག་རྩ་ལྟུང་སྲིད་པ་དང་༎ ཡིད་ཅན་མ་ནུ་ཤེད་བུ་དང་༎ རྒྱལ་དབང་བཅུ་བཞིའི་མིང་དུ་རུང་༎ བཅོ་ལྔའི་མིང་། ཕྱོགས་སྐྱོང་ས་ལམ་ཉ་གང་དང་༎ ཉ་རྒྱས་ཟླ་ཕྱེད་རྡུལ་ཕྲ་རབ།། ཀྲི་ཡ་ལྷ་ཚོགས་སྐྱེས་པའི་རྟགས།། བར་མ་ཆད་པའི་ཟུང་ལྡན་འཁོར།། གདོན་ཆེན་བཅོ་ལྔའི་མིང་དུ་འདོད།། བཅུ་དྲུག་མིང་། སྟོང་ཉིད་གནས་བརྟན་སྐད་ཅིག་སྦྱོར༎ བདེན་བཞིའི་རྣམ་པ་ཉན་ཐོས་དང་༎ རྣམ་འགྱུར་བྱང་སེམས་གཎྜིའི་རྒྱུ།། རྟོག་གེའི་ཚིག་དོན་ཕ་རོལ་སྨྲ།། གབ་ཚིག་རྒྱུ་རྒྱན་ནད་གཞི་དང་།། སྟོབས་བསྐྱེད་འཕོ་ནད་སྒོམ་པ་དང་།། འཕྲུལ་བློན་བཀའ་བློན་ལྟ་ངན་དང་།། བརྒྱད་གཉིས་ལོག་ཞུགས་འཇིགས་བྱེད་ཞབས།། ཁྱད་མཚོན་རྒྱལ་པོ་བཅུ་དྲུག་མིང་༎ བཅུ་བདུན་གྱི་མིང་། གཟུགས་ཁམས་ཚོགས་སྒྲུབ་ཡུམ་སྲས་དང་།། ཀར་རབས་ཆིངས་ཡིག་པཎ་གྲུབ་དག ། བཅུ་བདུན་མིང་དུ་བགྲང་པར་རུང་།། བཅོ་བརྒྱད་ཀྱི་མིང་། སྟོད་ཉིད་དལ་འབྱོར་རིག་གནས་གདོན༎ སྡེ་པ་རྩ་ལྟུང་མ་འདྲེས་པ༎ མི་སྡུག་མཚན་མ་དམྱལ་བའི་ཁམས༎ འདི་དག་བཅོ་བརྒྱད་མིང་ཡིན་ནོ༎ བཅུ་དགུའི་མིང་། ཙནྡྲའི་མིང་ཅན་མ་རིག་པ།། ནང་གི་ནད་རྣམས་བཅུ་དགུའི་མིང་།། ཉི་ཤུའི་མིང་། སྐྱེས་བུ་དགེ་འདུན་གངས་ཀྱི་རི༎ ཉེ་ཉོན་སྟོང་ཉིད་འཇིགས་ཚོགས་ལྟ༎ བདུན་པའི་ཡོངས་སྦྱངས་བྱང་སེམས་མཚན༎ མིང་གཞི་དག་ནི་ཉི་ཤུའི་མིང་༎ ཉེར་གཅིག་གི་མིང་། སྒྲོལ་མ་ས་དང་ཟག་མེད་སྡེ༎ ལྡན་མིན་འདུ་བྱེད་ཉེར་ཅིག་མིང་༎ ཉེར་གཉིས་མིང་། དབང་པོ་སེམས་བསྐྱེད་དཔེ་གྲོགས་རྣམས༎ ཉེར་གསུམ་གྱི་མིང་། མཚུངས་ལྡན་མིན་པའི་འདུ་བྱེད་དང་༎ ཟུང་འཇུག་ཤེས་བྱ་ཉེར་གསུམ་མིང་༎ ཉེར་བཞིའི་མིང་། བདག་ལྟ་ཡུལ་དང་རྒྱལ་བ་ནི༎ ཐང་གི་རྒྱལ་རབས་ཉེར་བཞིའི་མིང་༎ ཉེར་ལྔའི་མིང་། ཤེས་བྱ་དེ་ཉིད་རྗེའི་འདས་མཆོད༎ གནས་སྐབས་བུམ་རྫས་ལྔ་མཆོད་དང་༎ ཚོམས་བུ་ཉེར་ལྔའི་མིང་དུ་བཤད༎ ཉེར་བདུན་མིང་། གཞི་ཤེས་རྣམ་པ་འཁོར་ལོ་དང་༎ སྐར་མ་སངས་རྒྱས་མཛད་པ་རྣམས༎ ཉེར་བདུན་མིང་དུ་འདོགས་པར་རུང་༎ ཉེར་བརྒྱད་ཀྱི་མིང་། རྒྱུ་སྐར་སྐར་མ་གང་ཟག་གདོན༎ སེམས་ལྡན་མིན་པའི་འདུ་བྱེད་དང་༎ ལྷ་རིས་སྒྲ་ཡི་རྣམ་པ་རྣམས༎ དབང་ཕྱུག་དག་ནི་ཉེར་བརྒྱད་མིང་།། སུམ་ཅུའི་མིང་། མུ་སྟེགས་གྲུབ་མཐའ་གསལ་བྱེད་དང་།། དཔའ་རྟུལ་རྣམས་ནི་སུམ་ཅུའི་མིང་༎ སོ་གཅིག་གི་མིང་། སྲིད་པ་ཟླ་རིང་སོ་གཅིག་མིང་༎ སོ་གཉིས་མིང་། འདོད་པའི་མཐོང་སྤང་གཉིས་སྐྱེས་སོ༎ མཚན་བཟང་ཉེ་དབང་སོ་གཉིས་མིང་།། སོ་གསུམ་མིང་། དབང་པོའི་གནས་ནི་སོ་གསུམ་སྟེ།། སོ་བཞིའི་མིང་། རྣམ་མཁྱེན་རྣམ་པ་སྐྱེས་རབས་དང་།། ལེགས་སྦྱར་གསལ་བྱེད་སོ་བཞིའི་མིང་༎ སོ་ལྔའི་མིང་། ཕུང་པོ་གསུམ་པ་སྟོང་བཤགས་ལྷ།། སོ་ལྔའི་མིང་དུ་རུང་བ་ཙམ༎ སོ་དྲུག་མིང་། སྦྱོར་བཞིའི་ཆོས་དང་འབུམ་བཞེར་ཁྲིམས༎ གྱང་ཕྲེང་འཇམ་དཔལ་རྩ་རྒྱུད་དང་༎ གོང་མའི་མཐོང་སྤང་འདུས་སྲོང་རྗེ༎ ཕུང་ཁམས་རོ་དང་ཁོས་སོ་དྲུག ། སོ་བདུན་མིང་། ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ༎ བྱང་ཆུབ་ཕྱོགས་མཐུན་སོ་བདུན་མིང་༎ སོ་བརྒྱད་མིང་། ཁྲི་སྲོང་ལྡེའུ་བཙན་ཁྲོ་མོ་དང་༎ ཤིང་འབྲུག་སྔོན་གྱི་མཁན་པོ་རྣམས༎ སོ་བརྒྱད་ཉིད་ཀྱི་མིང་དུ་རུང་༎ སོ་དགུའི་མིང་། ཐུན་མིན་རྣམ་པ་སྣ་ཚོགས་དབྱིག ། ཤིང་སྦྲུལ་མུ་ནེ་བཙན་པོ་དང་༎ ཧོར་ཚོ་སོ་དགུའི་མིང་དུ་རུང་༎ བཞི་བཅུའི་མིང་། མཚུངས་ལྡན་འདུ་བྱེད་ཉི་ཤུ་ཟུང་༎ ལྔ་ཕྲག་བརྒྱད་པ་མུ་ཏིག་བཙན༎ མེ་རྟ་ཟིལ་གནོན་བཞི་བཅུའི་མིང་༎ ཞེ་གཉིས་མིང་། ས་སྤྲེལ་རྡོར་ཕྲེང་དར་མ་དང་༎ བཙན་པོའི་རྒྱལ་རབས་ཞེ་གཉིས་མིང་༎ ལྔ་བཅུ་པ། དབྱངས་གསལ་མཚན་ཉིད་ལྷ་བཅུའི་མིང་།། ལྔ་བཅུ་རྩ་གཅིག། སེམས་བྱུང་ཞེས་པས་ང་གཅིག་མཚོན།། དྲུག་ཅུའི་མིང་། གྲངས་གནས་དབྱངས་ཀྱི་ཡན་ལག་དང་།། ལོ་རྒན་ཡོངས་སྤྱོད་དྲུག་ཅུའི་མིང་།། དྲུག་ཅུ་རེ་གཅིག་མིང་། རྒོད་ཀྱི་སྟོང་སྡེ་ཞེས་བྱ་དང་།། མེ་ཡོས་གཉིས་པ་རེ་གཅིག་མིང་།། དྲུག་ཅུ་རེ་གཉིས་མིང་། གསུང་གི་ཡོན་ཏན་བདེ་མཆོག་ལྷ།། འཁོར་དང་ལྟ་ལོག་རེ་གཉིས་མིང་།། དྲུག་ཅུ་རེ་བཞིའི་མིང་། གསུངས་དབྱངས་སྒྱུ་རྩལ་དབྱུ་གུ་དང་།། འདོད་པའི་སྒྱུ་རྩལ་ཕོ་ཉ་དང་།། ཡིག་རིགས་ཆོས་སྒྲ་རེ་བཞིའི་མིང་༎ དྲུག་ཅུ་རེ་ལྔའི་མིང་། མཚུངས་པ་གསལ་བྱེད་རེ་ལྔའི་མིང་།། དོན་ཅུའི་མིང་། དོན་ནི་བདུན་ཅུའི་མིང་ཉིད་དོ།། བརྒྱད་ཅུའི་མིང་། དཔེ་བྱད་མི་ཟད་པ་བརྒྱད་ཅུའི་མིང་།། བརྒྱད་ཅུ་གྱ་བཞིའི་མིང་། གྲུབ་ཐོབ་བརྒྱད་ཅུ་གྱ་བཞིའི་མིང་།། བརྒྱད་ཅུ་གྱ་དྲུག་མིང་། ཐོས་རྣམ་མཚོན་བྱེད་གྱ་དྲུག་མིང་༎ དགུ་བཅུའི་མིང་། ལྟུང་བྱེད་འབའ་ཞིག་དགུ་བཅུའི་མིང་།། དགུ་བཅུ་གོ་གཉིས་མིང་། མན་ངག་བརྒྱུད་ནི་གོ་གཉིས་ཏེ།། བརྒྱ་ཐམ་པའི་མིང་། ཞི་ཁྲོ་དམ་པ་རིགས་བརྒྱ་མཚོན།། མིང་གཅིག་གྲངས་གནས་དུ་མར་འཇུག་པའི་མངོན་བརྗོད། གཞན་ཡང་མཚོན་བྱེད་མིང་གཅིག་གིས།། གྲངས་ཀྱི་རྣམ་པ་མི་འདྲ་བ།། དུ་མ་མཚོན་པའང་ཤིན་ཏུ་མང་།། དེ་དག་འགའ་ཞིག་དཔེར་བརྗོད་ན།། སྐུ་ནི་གཉིས་གསུམ་བཞི་ལྔའི་མིང་།། མཐའ་ནི་གཉིས་བཞི་བརྒྱད་མཚོན་བྱེད།། སྟོབས་ཞེས་བྱ་བ་བཞི་དང་ལྔ།། དྲུག་དང་བཅུ་ཡི་མིང་དུ་བཤད།། ཕར་ཕྱིར་ཞེས་པ་དྲུག་དང་བཅུ།། སྡུག་བསྔལ་གསུམ་བཞི་དྲུག་བདུན་བརྒྱད།། དུས་ནི་གསུམ་བཞི་དྲུག་གི་མིང་།། ལྟུང་བ་བཞི་དང་ལྔ་ཡི་མིང་།། དབང་པོ་ལྔ་དང་ཉེར་གཉིས་མཚོན།། རིམ་པ་ཞེས་པ་གཉིས་དང་ལྔ་།། ཉོན་མོངས་གསུམ་དང་ལྔ་ཡི་མིང་།། དད་པས་གཉིས་དང་ལྔ་ཡང་མཚོན།། ཡེ་ཤེས་ལྔ་དང་དྲུག་གི་མིང་།། ཡན་ལག་ལྔ་བདུན་བརྒྱད་ཀྱི་མིང་།། འཇིག་རྟེན་ཞེས་པ་གསུམ་དང་བདུན།། མཚོ་ནི་བཞི་བདུན་བརྒྱད་ཀྱི་མིང་།། དངོས་པོ་ཞེས་པ་གསུམ་དང་བརྒྱད།། འདུ་བྱེད་གསུམ་ལྔ་བརྒྱད་ཀྱི་མིང་།། རྣམ་ཤེས་དྲུག་དང་བརྒྱད་ལ་འཇུག། གཟའ་ནི་བདུན་བརྒྱད་དག་གི་མིང་།། སྡེ་ཞེས་བྱ་བ་བཞི་དང་བརྒྱད།། ས་ནི་གསུམ་དགུ་བཅུ་བཅུ་གཅིག། བཅུ་གསུམ་ཉེར་གཅིག་དུ་མར་འཇུག། ཕྱོགས་སྐྱོང་བཅུ་དང་བཅོ་ལྔའི་མིང་།། སྟོང་ཉིད་བཞི་དང་བཅུ་བཞི་དང་།། བཅུ་དྲུག་བཅོ་བརྒྱད་ཉི་ཤུའི་མིང་།། དེ་སོགས་རིགས་པས་དཔྱད་བྱས་ཏེ།། སྐབས་དང་སྟོབས་ཀྱིས་སྦྱར་བར་བྱ།། གྲངས་ཀྱི་མངོན་བརྗོད་མཚོན་པའི་ཐབས་ལམ་གཞན་འགའ་ཞིག གཞན་ཡང་འཕགས་བོད་མཁས་པའི་གསུང་།། མདོ་སྔགས་རིག་པའི་གནས་སྤྱི་དང་།། རྒྱལ་རབས་ཆོས་འབྱུང་དེབ་གཏེར་ཐོག། འཇིག་རྟེན་ཕལ་བའི་གྲགས་ཚོད་ཀྱང་།། སྐབས་དང་དུས་ལ་བསྟུན་བྱས་ཏེ།། གང་དང་གང་ཞིག་སྤྱོད་དགོས་པ།། དེ་དང་དེ་དག་སྦྱར་བར་བྱ།། དཔེ་མཚོན་འགའ་ཞིག་འགོད་བྱེད་ན།། གཉའ་ཁྲི་གཅིག་གི་མིང་ཚབ་དང་།། སྲོང་བཙན་སོ་གསུམ་མཚོན་པའི་མིང་།། དར་མས་བཞི་བཅུ་ཞེ་གཉིས་མཚོན།། དེ་བཞིན་རིགས་ལྡན་རིམ་བྱོན་དང་།། དགའ་ཁྲི་རྒྱལ་པཎ་ཀར་རབས་སོགས།། རིགས་པས་འགྲེས་ནས་སྦྱར་བར་བྱ།། ཡུལ་དགོན་གནས་རི་སོགས་ཀྱིས་གྲངས་ཀྱི་མངོན་བརྗོད་མཚོན་ཐབས། རྒྱུད་གྲྭ་གཉིས་ཀྱི་མིང་ཚབ་དང་།། དགེ་ལྡན་གདན་ས་ཆོལ་ཁ་སྐོར་།། མངའ་རིས་གསུམ་གྱི་མིང་ཚབ་རུང་།། རུ་དང་དབུས་གཙང་བཞི་ཡི་ཚབ།། ཧོར་སེར་ལྔ་ཡི་ཚབ་མཚོན་ཏེ།། སྒང་དང་མདོ་ཁམས་ལི་ཐང་དང་།། སྔར་འགྱུར་གདན་ས་དྲུག་གི་མིང་།། ཁྲི་སྐོར་བྲག་གཡབ་བཅུ་གསུམ་སྟེ།། ཆབ་མདོ་སྨར་ཁམས་ཚ་བ་དང་།། གསེར་ཐར་རྒྱལ་རོང་ཙོང་ཁ་རྣམས།། བཅོ་བརྒྱད་མཚོན་པའི་མིང་ཉིད་དང་།། ནང་ཆེན་སྡེ་དགེ་ཉེར་ལྔ་མཚོན།། ཧོར་ཚོ་ཞེས་པ་སོ་དགུ་སྟེ།། ས་ཁམས་ཡུལ་སྡེ་མི་འབོར་ཡང་།། སྐབས་དང་བསྟུན་ནས་སྦྱོར་བ་གྱིས།། རིགས་རུས་ཁྲིམས་སྲིད་ཀྱིས་གྲངས་ཀྱི་མིང་ཚབ་མཚན་ཐབས། མངའ་མཛད་རྒྱལ་ཕྲན་སིལ་མ་དང་།། གནམ་ཁྲི་སྟོད་སྟེང་ལེགས་དང་ལྡེ།། ཚིགས་བཙན་བར་སྟེང་སྨད་བཙན་དང་།། རུས་ཆེན་དབང་རུས་སྟོང་སྡེ་གཡུང་།། ཞང་དང་དཔའ་སྡེ་མདུན་འཛིན་ཁེང་།། ཁོད་དང་བཀའ་ཁྲིམས་བཀའ་གྲོས་དང་།། ཡིག་ཚང་ཕྱག་རྒྱ་རྐྱེན་མཚན་དང་།། དཔའ་མཚན་རྒྱལ་ཁྲིམས་ལྷ་མིའི་ཆོས།། རྩལ་བོ་ཆེ་སོགས་གྲངས་དང་སྦྱོར།། འབྱུང་ཁམས་རྩིས་འགྲོས་ཀྱིས་གྲངས་ཀྱི་མིང་ཚབ་མཚན་ཐབས། དེ་བཞིན་མེ་ཡོས་གཅིག་གི་ཚབ།། མེ་སྟག་དྲུག་ཅུའི་ཚབ་མཚོན་ཐོག། མེ་ཡོས་གཉིས་པ་རེ་གཅིག་ནས།། རྩིས་ཀྱི་འགྲོས་དང་བསྟུན་བྱས་ནས།། ལོ་རྒན་དྲུག་ཅུའི་གྲངས་དང་སྦྱོར།། དེ་ཡིས་གཞན་ལའང་རིགས་འགྲེ་ནས།། སྐབས་དང་སྟོབས་ཀྱིས་སྦྱར་བར་བྱ།། སྐྱེས་བུའི་ཁྱད་ཆོས་དམིགས་བསལ་བས་གྲངས་ཀྱི་མིང་ཚབ་མཚོན་ཐབས། ད་དུང་རིག་པ་གཞན་ཞིག་ནི།། ཚོགས་བདག་སྣ་ཡིས་གཅིག་མཚོན་ཞིང་།། གཤིན་རྗེའི་རྭ་ནི་གཉིས་ཀྱི་མིང་།། དྲག་པོའི་མིག་གིས་གསུམ་མཚོན་ནུས།། གཞོན་ནུའི་གདོང་ནི་དྲུག་མཚོན་བྱེད།། ཉི་མའི་རྟ་ཡིས་བདུན་མཚོན་ལ།། ཚངས་པའི་རྣ་བ་བརྒྱད་ཀྱི་ཚབ།། འཇིགས་མཛད་ཞབས་ཀྱིས་བཅུ་དྲུག་དང་།། དེ་ཡི་ཕྱག་གིས་སོ་བཞི་མཚོན།། གདུགས་དཀར་ཕྱག་དང་བརྒྱ་བྱིན་མིག། སྟོང་གི་མིང་ཚབ་རུང་བས་མཚོན།། འཇིག་རྟེན་གྲགས་པའི་ཐ་སྙད་ལ།། རང་བློས་ལེགས་པར་དཔྱད་དེ་སྦྱོར།། གྲངས་ཀྱི་མངོན་བརྗོད་མི་ཤེས་པའི་ཞེན་ཆ། རྒྱུད་དང་བྲམ་ཟེའི་གསང་བ་དང་།། སྒྲུང་ལྡེའུ་གབ་ཚིག་སྙན་ངག་དང་།། དཀར་ནག་རྩིས་ཀྱི་གཞུང་ལུགས་ལ།། གྲངས་ཀྱི་མངོན་བརྗོད་མ་ཤེས་ན།། མིག་གཅིག་ཞར་བའི་ལྟད་མོ་དང་།། རྐང་ཡ་ཆད་པའི་གོམ་འགྲོས་བཞིན།། གཞན་ལ་ལྟ་བ་མི་ནུས་ཞིང་།། རང་ཉིད་འགྲོ་བ་མི་ནུས་སོ།། གྲངས་ཀྱི་མོངན་བརྗོད་ལ་འབད་དགོས་པའི་རྒྱུ་མཚན། དེ་ཕྱིར་མཐོང་ཐོས་ཉམས་མྱོང་གིས།། འདི་ལ་ཅིས་ཀྱང་འབད་པར་རིགས།། མཇུག་དོན་ནོངས་པ་གཤགས་པ་དང་དགེ་བ་བསྔོ་བ། དེ་ལྟར་བཤད་འདིར་འཁྲུལ་བའི་ཆ།། འཆིས་ཚེ་མཁས་པའི་མདུན་སར་འཆག། འདི་དོན་ཅུང་ཟད་འབད་པའི་དགེས།། དོན་འདི་ཀུན་གྱིས་རྟོགས་གྱུར་ཅིག།

གྲངས་ཀྱི་མངོན་བརྗོད་སྡོམ་ཚིག་རགས་བསྡུས་ཞེས་པ་འདི་ནི། བསྟན་བཅོས་ལོ་རིམ་གསུམ་པའི་སློབ་ཚན་དང་འབྲེལ་བ་ཡོད་པས་ཅུང་ཟད་ཕན་རེས། དགེ་མིང་ཟུར་ཙམ་འདྲེན་པ་བེ་རི་འཇིགས་མེད་ཀྱིས། གནས་མཆོག་དྲང་སྲོང་ལྷུང་བའི་ནགས་འདབས་ཝཱ་ཎཱ་བོད་ཀྱི་གཙུག་ལག་སློབ་གྲྭ་ཆེན་པོའི་བོད་ཀྱི་རྩོམ་རིག་སྡེ་ཚན་ཀྱི་ལས་ཁུངས་སུ། རབ་བྱུང་བཅུ་བདུན་པའི་ས་འབྲུག་(སྤྱི་ལོ ༢༠༡༢།༡༠།༢༦།)མཁས་མཆོག་དངུལ་ཆུས་མཛད་པའི་གྲངས་ཀྱི་མངོན་བརྗོད་ཧ་ཅང་བསྡུས་པ་དེར་མདོ་རྒྱུད་བསྟན་བཅོས་དང་ཐ་སྙད་རིག་གནས། རྒྱལ་རབས་ལོ་རྒྱུས་སོགས་ལས་གྲངས་ཀྱི་ཚབ་མཚོན་ནུས་པའི་ཐ་སྙད་གྲགས་ཅན་ཁ་ཤས་གསར་བསྣན་བྱས་ཏེ་སྦྱར་བ་དགེ་ལེགས་འཕེལ།། །།