བེ་རི་དགེ་བཤེས་འཇིགས་མེད་

ཡོང་ཁུངས་Wikipedia

བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་ནི། ཆུང་དུས་རང་གི་ཡབ་ཆེན་མཁས་དབང་བློ་བཟང་དོན་ཡོད་ཀྱི་དྲུང་ནས་བོད་ཀྱི་ཐ་སྙད་ རིག་གཞུང་སྒྲ་སྙན་མངོན་སྡེབ། རྒྱལ་རབས་ཆོས་འབྱུང༌། དེབ་ཐེར་ལོ་རྒྱུས། རྒྱའི་སློབ་གྲྭ་ལས་རྒྱ་ཡིག་དང༌། ས་ཁམས། དངོས་ཁམས། ཆབ་སྲིད། ཨང་རྩིས་སོགས་ལའང་བསླབས་ནས་འབྲིང་སློབ་ཐོན། ཀླུ་སྦྱིན་དགེ་བཤེས་ཆེན་མོའི་དྲུང་ནས་ཕར་ཚད་ཀྱི་གཞུང་དང་ལམ་རིམ་ལ་བསླབས། ༡༩༨༩ ལོར་རྒྱ་གར་སླེབས་ནས་འབྲས་སྤུངས་སུ་ཞུགས། གཞུང་ཆེན་པོ་ལ་སློབ་གཉེར་འཕྲོ་མཐུད་བྱེད་པའི་ཞོར་དུ། ༡༩༩༣ ནས་བློ་གླིང་གཙུག་ལག་དཔེ་སྐྲུན་ཁང་གི་ཞུ་དག་པ་དང༌། ༡༩༩༥ ལོ་ནས་བློ་གསལ་གླིང་གི་སློབ་གྲའི་དགེ་རྒན་བྱས།

༡༩༩༦ ལོ་ནས་བློ་གསལ་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་འགན་འཛིན་བྱས། ༡༩༩༧ལོ་ནས་གངས་སུལ་གྱི་རོལ་དབྱངས་སློབ་སྟོན་པ་བྱས། ༢༠༠༡ ལོར་ལྡི་ལི་བོད་ཁང་ཟ་མ་ཏོག་གི་རྩོམ་སྒྲིག་ཚོགས་མི་བྱས། ༢༠༠༣ ལོ་ནས་ཨ་མི་རི་ཁ་ཨི་ཌི་ཨ་ན་IUགཙུག་ལག་སློབ་གྲྭ་ཆེན་མོར་ལོ་རྒྱུས་རིག་པའི་ཕྱོགས་ཕེབས་དགེ་རྒན་ཆེན་མོ་ བྱས། ༢༠༠༤ལོར་གཞུང་ལུགས་རབ་བྱམས་སྨྲ་བའི་དགེ་བཤེས་དམ་བཅའ་བཞག ལོ་དེ་ནས་སྐབས་བཅུ་གཉིས་པའི་དགེ་ལུགས་སྤྱི་འཐུས་བྱས། ༢༠༠༥ལོ་ནས་ནོར་གླིང་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་དུ་ྋགོང་ས་མཆོག་གི་མཛད་ རྣམ་རྩོམ་སྒྲིག་པ་དང་ནོར་གླིང་མཐོ་སློབ་ཀྱི་དགེ་རྒན་བྱས། ༢༠༠༦ལོ་ནས་བཅུ་བཞི་པའི་དགེ་ལུགས་སྤྱི་འཐུས་བྱས། ༢༠༠༧ དང་ ༢༠༡༠ ལ་ཝཱ་ཎཱ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དགེ་འོས་B.edདགེ་རྒན་ བྱས། ༢༠༡༠ ལོར་ཁ་ན་ཊ་བྷེ་གོ་ཀོ་ལི་བྷིང་ཡ་གཙུག་ལག་སློབ་གྲྭ་ཆེན་མོར་རྒྱལ་སྤྱི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་དུ་བཅར། ༢༠༡༡ ལོར་ཨི་ཊ་ལི་བི་ལོར་ན་དྷོ་མེ་ན་དགོན་པས་གདན་ཞུས་ལྟར།་སེམས་ཁམས་རིག་པའི་ལྟ་གྲུབ་གྱི་བགྲོ་གླེང་དུ་སོང་ནས་ནུབ་པྱོགས་པ་དང་སངས་རྒྱས་ཆོས་ལུགས་པའི་སེམས་ཁམས་རིག་པའི་ལྟ་གྲུབ་ཐོག་བགྲོ་གླེང་རྒྱ་ཆེར་བྱས། ༢༠༡༥ལོར་འཇའ་མན་ལིབཛིག་གཙུག་ལག་སློབ་གྲྭ་ཆེན་མོར་རྒྱལ་སྤྱིའི་གཞོན་ནུ་བོད་རིག་པའི་ཚོགས་ཆེར་བཅར། ༢༠༡༦ ལོར་ནོ་ཝེར་རྒྱལ་སར་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་དུ་བཅར། ༢༠༡༨ ལོར་ཤྲི་ལངྐའི་རྒྱལ་ས་ཀོ་ལོ་པོར་ནང་ཆོས་རིག་པའི་ཚོགས་འདུར་གདན་ཞུས་ལྟར་བཅར། སྔ་ཕྱིར་ཨ་རི་དང༌། འཇའ་མན། དབྱིན་ལོན།་ཨི་ཊ་ལི་སོགས་ནུབ་ཕྱོགས་རྒྱལ་ཁབ་དུ་མར་རྒྱལ་སྤྱིའི་བོད་རིག་པའི་ཞུབ་འཇུག་དང༌། རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་དུ་མའི་ཐོག་གདན་ཞུས་ བྱུང་བ་ལྟར་འགྲོ་ཁུལ་བྱས་ནས་དེ་དག་ཏུ་བོད་རིག་པའི་དཔྱོད་བརྗོད་དུ་མ་སྤེལ་ཁུལ་བྱས། གཞིས་བྱེས་གཉིས་ཀྱི་ཆོལ་གསུམ་ཆོས་ལུགས་སེར་སྐྱ་རིས་མེད་ཐོག་རྒྱ་བལ་འབྲུག་ གསུམ་དང༌། སྦོ་རིཡ། ཨིཊ་ལི། འཇའ་མན། ཨ་རི། དབྱིན་ལོན་སོགས་རྒྱལ་ཁབ་དང་མི་རིགས་འདྲ་མིན་གྱི་སློབ་མ་སྟོང་ཕྲག་དུ་མ་བསྐྱངས། དུས་དེབ་དང་ཚགས་པར་ཁག་ཏུ་ནང་ཆོས་དང༌། སྙན་ངག ལོ་རྒྱུས། དཔྱད་རྩོམ། སྒྲུང་གཏམ་སོགས་བརྩམས་མང་པོ་སྤེལ། དཔེ་བསྐྲུན་བྱས་ཟིན་པ་དེབ་ ༢༨ ཡོད། ད་ལྟ་ཝཱ་ར་ཎཱ་བོད་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དང་རྩོམ་རིག་སྡེ་ཚན་གྱི་འགན་འཛིན་ཡིན།


   ནང་དོན་འདིའི་རེ་བ།གཙང་མ་བཟོས་པ། .
ཁྱེད་ཀྱིས་ཐུབ་ན་ནང་དོན་འདིར་བཟོ་བཅོས་ལེགས་པར་གྱིས།