ཕ་རོལ་དུ་ཕྱིན་པ་དྲུག་

ཡོང་ཁུངས་Wikipedia

རྒྱ་གར་སྐད་དུ་པཱརཱ་མིཏ་ཥཊ། བོད་སྐད་དུ་ཕར་ཕྱིན་དྲུག དེ་ལ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ། བཟོད་པའི་ཕ་རོལ་དུ་ཕྱིན་པ། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་དྲུག་གོ ། 《མ་ཎི་བཀའ་འབུམ》ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཆོས་ཐམས་ཅད་སེམས་སུ་ཤེས་སེམས་སྟོང་པར་ཤེས། སྟོང་པ་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པར་ཤེས་པས། འཁོར་བ་དང་མྱ་ངན་ལས་འདས་མཐར་ཕྱིན་པས་སེམས་དང་ཡུལ་ངོ་སྤྲད་པས་མ་དང་བུ་འཕྲད་པ་ལྟ་བུའི། །བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ནི། བལྟ་ཐབས་གསུམ་པས། སངས་རྒྱས་ཀྱི་གཟིགས་ཐབས་ནམ་མཁའི་དབྱིངས་ལྟ་བུར་གཟིགས། བྱང་སེམས་ཀྱི་གཟིགས་ཐབས་རིགས་དྲུག་སེམས་ཅན་ལ་སྙིང་རྗེས་གཟིགས། དེ་བཞིན་གཤེགས་པའི་གཟིགས་ཐབས་ནམ་མཁའི་མཐའ་གཟིགས། དེ་ཡང་བལྟས་པས་མཐོང་བ་མེད་དེ་ཧར་ལོང་གི་མིག་གིས་ཅི་ཡང་མ་མཐོང་བ་ལྟ་བུའོ། །བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ནི། ཆོས་ཉིད་སྟོང་པ་ཉིད་ཀྱི་དོན་ལ། ལེ་ལོ་དང་བཏང་སྙོམས་སུ་མི་འཇོག་པར་རྩ་བྲལ་དུ་ཉམས་སུ་ལེན་པས། རྒྱལ་པོ་གདན་ལ་བཞུགས་ཀྱང་འདོད་པ་ཤུགས་ལས་འགྲུབ་པ་ལྟ་བུའོ། །བཟོད་པའི་ཕ་རོལ་དུ་ཕྱིན་པ་ནི། ཆོས་ཉིད་སྟོང་པ་ཉིད་ཀྱི་དོན་ཉམས་སུ་ལེན་པ་ལ་གནས་ཡུན་རིང་དུ་བཟོད་པས། དང་པོ་ལྟ་སྟངས། བར་དུ་མཉམ་བཞག ཐ་མ་རྗེས་ཐོབ་སྒོམ་པའོ། །དེ་ནི་མས་བུ་གསོ་བ་ལྟ་བུ་ཡིན་ནོ། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ནི། ཆོས་ཉིད་སྟོང་པ་ཉིད་ཀྱི་དོན་ལ། བྱིང་རྨུགས་རྒོད་འཐིབས་ལ་སོགས་པའི་ཉེས་སྐྱོན་མེད་པར་ཤེས་བཞིན་གྱི་བྱ་རས་ཟིན་པ། དཔེར་ན་སྒེག་མོ་མེ་ལོང་ལ་ལྟ་བ་བཞིན་ནོ། །སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ནི། ཆོས་ཉིད་སྟོང་པ་མཐའ་བྲལ་དེའི་ངང་ལ་བཞག་པས། རང་དོན་རྫོགས་ནས་གཞན་དོན་འབྱུང་བས་རིན་པོ་ཆེ་ལ་དགོས་འདོད་འབྱུང་བ་ལྟ་བུའོ། །དེ་ལྟར་ཕ་རོལ་དུ་ཕྱིན་པ་དྲུག་གིས་འཁོར་བ་རབ་མེད་ལས་བརྒལ་ནས་མྱ་ངན་ལས་འདས་པའི་སྐམ་སར་ཕྱིན་པར་བྱེད་དོ། །ཞེས་གསུངས་སོ། །དེ་ཡང་གོ་བདེའི་དབང་དུ་བྱས་ན། ༡.སྦྱིན་པ། ལུས་དང་ལོངས་སྤྱོད་སོགས་ལ་ཆགས་ཞེན་མེད་པའི་སྒོ་ནས་གཞན་ལ་སྙིང་ཐག་པ་ནས་སྦྱིན་པའི་བསམ་པའི་དགེ་བ། ༢.ཚུལ་ཁྲིམས། མི་དགེ་བ་བཅུ་སྣ་རེ་ཙམ་སྤང་བ་ལས་ཉེས་སྤྱོད་སྡིག་པ་དང་ལྟུང་བ་སྣེ་གཅིག་གིས་ཀྱང་མ་གོས་པར་བསྲུང་བའི་དགེ་བ། ༣.བཟོད་པ། སྡུག་བསྔལ་དང་། དཀའ་སྤྱད། གཞན་གྱིས་གནོད་པ་བྱས་པ་སོགས་ལ་མི་བཟོད་པ་གཏན་ནས་མེད་པར་དང་དུ་ལེན་ཐུབ་པའི་བསམ་པ་བཅོས་མིན་ཞིག ༤.བརྩོན་འགྲུས། ཞུམ་པའི་ལེ་ལོ་དང་། སྒྱིད་ལུག་པའི་ལེ་ལོ། བྱ་བ་ངན་པ་ལ་ཞེན་པའི་ལེ་ལོ་གསུམ་སྤངས་པའི་འབད་རྩོལ་རྒྱུན་མ་ཆད་པར་བསྟེན་པའི་སྤྲོ་བ། ༥.བསམ་གཏན། རང་གི་དམིགས་བྱའི་ཡུལ་གཅིག་ལ་དྲན་ཤེས་བརྟན་པོའི་སྒོ་ནས་མ་ཡེངས་པར་བཟུང་བའི་སེམས་གསལ་ཞིང་དྭངས་པ་ཞིག ༦.ཤེས་རབ། བླང་དོར་གྱི་གནད་ཀུན་མ་འདྲེས་པར་སོ་སོར་འབྱེད་ཐུབ་པའི་ཤེས་པ་ཞིག་བཅས་སོ། །
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།