ཕ་བོང་ཁ་པ་རྗེ་བཙུན་བྱམས་པ་བསྟན་འཛིན་འཕྲིན་ལས་རྒྱ་མཚོ།

ཡོང་ཁུངས་Wikipedia

རྗེ་འདི་ཉིད་ཡབ་སྒེར་ཆབ་སྤེལ་བའི་མི་ངོ་ཤོད་དྲུང་ཚེ་བརྟན་རྣམ་རྒྱལ་དང་ཡུམ་ཆོ་འབྲང་བཟང་མོ་དཀོན་མཆོག་སྒྲོན་མ་གཉིས་ཀྱི་སྲས་སུ་ལྷ་ལྡན་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་ནུབ་ཕྱོགས་གཡུ་ཐོག་ཤར་ཞེས་པའི་གནས་ཙང་དུ་རབ་བྱུང་བཅོ་ལྔ་པའི་ས་སྟག་(༡༨༧༨)ལོའི་ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན་སྐུ་འཁྲུངས། མཚན་ངག་དབང་བསྟན་པ་པ་རབ་བརྟན་དུ་གསོལ། དགུང་ལོ་བཞི་པར་ཁྲི་ཆེན་ངག་དབང་ནོར་བུའི་དྲུང་དུ་དབུ་སྐྲ་གཙུག་ཕུད་ཕུལ་ཏེ་མཚན་ངག་དབང་རབ་བརྟན་ཞེས་གནང། དགུང་ལོ་བདུན་པར་ཕུར་ལྕོག་སྐུ་ཕྲེང་གསུམ་པ་བྱམས་པ་བསྟན་འཛིན་འཕྲིན་ལས་རྒྱ་མཚོ་ཞེས་བསྩལ། དགུང་ལོ་བཅུ་གཅིག་ཐོག་སྲིད་སྐྱོང་ཚེ་སྨོན་གླིང་བསྟན་པའི་རྒྱལ་མཚན་གྱིས་ཕ་བོང་ཁའི་མཁན་པོ་བསྟནའཛིན་བཟང་པོའིསྤྲལ་སྐུར་ངོས་འཛིན་གནང་སྟེ་སེར་སྨད་གྲྭ་ཚང་ཁོངས་རྒྱལ་རོང་ཁང་ཚན་གྱི་ཆོས་སྒོར་ཞུགས་ཏེ་རིགས་ལམ་བསྡུས་གྲྭ་ནས་གཞུང་པོད་ལྔ་ལ་ཐོས་བསམ་མཛད། དགུང་ལོ་བཅོ་བརྒྱད་སྐབས་གླིང་བསྲེའི་མཚན་བཏགས་བཞེས། དགུང་ལོ་བཅུ་དགུ་པར་སྟོད་རྒྱུད་གྲྭ་ཚང་དུ་བཞུགས་ཏེ་རྒྱུད་སྡེ་བཞི་མཁས་པར་སྦྱངས། དགུང་ལོ་ཉི་ཤུ་པར་བསྙེན་རྫོགས་དགེ་སློང་གི་སྡོམ་པ་བཞེས། བར་བར་དུ་སྒྲ་དང་སྙན་ངག། མངོན་བརྗོད། སྡེབ་སྦྱོར། དཀར་ནག་རྩིས་རིག་སོགས་རིག་གནས་མཐའ་དག་མཁས་པའི་མཆོག་ཏུ་སོན། རིགས་ཀྱི་ཅོད་པན་བྲག་རི་རྡོ་རྗེ་འཆང་བློ་བཟང་ཐུབ་བསྟན་རྣམ་རྒྱལ་དཔལ་བཟང་པོ་སོགས་དགེ་བའི་བཤེས་གཉེན་བཅུ་ཕྲག་འགའི་ཞབས་ལ་གཏུགས་ནས་ལུང་རྒྱུན་པོ་ཏི་ལྔ་བརྒྱར་ཉེ་བ་དང། རྗེས་གནང་སྟོང་ཕྲག་ལ་ཉེ་བ། ཁྲིད་ཆེན་ཁག་ལྔ་བཅུ་བརྒལ་བ། དབང་ཆེན་བཅུ་ཕྲག་གཉིས་སུ་ཉེ་བས་མཚོན་ས་དགེ་རྙིང་མ་སོགས་ཀྱི་དབང་ལུང་མན་ངག་རྒྱ་མཚོ་ལྟ་བུར་གསན་བསམ་རྒྱ་ཆེན་པོ་གནང། དེ་དག་གསན་པ་ཙམ་དུ་མ་ཟད་ཐུགས་ཉམས་སུ་བཞེས་ཏེ་སྡོམ་གསུམ་སོ་སོའི་སྐབས་ཀྱི་བསླབ་བྱ་ཕྲ་རག་རྣམས་སྤྱན་གྱི་འབྲས་བུ་ལྟར་བསྲུངས་ཤིང། མདོ་སྔགས་ཟབ་རྒྱས་ཀྱི་ཆོས་འཁོར་རྒྱུན་མི་ཆད་པར་བསྐོར་བར་མཛད་པས་གསུང་ལས་སྐྱེས་པའི་སློབ་མ་གདན་ས་ཆེན་པོ་བཞིས་མཚོན་པའི་བོད་ཡུལ་དབུས་གཙང་ལྷོ་བྱང་མདོ་ཁམས་སྟོད་སྨད་སོགས་ནས་དགེ་ལུགས་ཀྱི་དགོན་སྒྲུབ་སྡེ་ཁག་གི་མཁན་སློབ་བླ་སྤྲུལ་བཀའ་རབས་དགེ་བའི་བཤེས་གཉེན་སོགས་བློ་གསལ་མཁས་མཁས་མང་འདུས་སྡེ་དང་བཅས་པ་ཕལ་མོ་ཆེ་རྗེ་ཉིད་ཀྱི་གསུང་སྐྱེས་ཀྱི་སློབ་བུར་མ་གྱུར་པ་མེད། ཐུགས་སྲས་ཀྱི་ཐུ་བོ་ཆེ་རྣམ་འདྲེན་ཆེན་པོའི་ཡོངས་སུ་འཛིན་པ་མཆོག་ལྟ་བུ། རྗེ་འདི་དབུས་གཙང་ཡས་མས་དང། དྭགས་ཀོང། ལྷོ་བྱང། མདོ་སྨད། བར་ཁམས་དང་བཅས་པར་ཕེབས་ཏེ་སྣོད་བཅུད་མཐའ་དག་ལ་དགེ་ལེགས་ཀྱི་བྱིན་བརྒྱ་འབེབས་ཤིང། མཐོང་ཐོས་དྲན་རེག་གི་སྐལ་ལྡན་རྣམས་ལ་འབྲེལ་ཚད་དོན་དང་ལྡན་པར་མངོན་མཐོ་དང་ངེས་ལེགས་ཀྱི་ས་བོན་ཁྱད་པར་ཅན་སྒོ་དུ་མ་ནས་སྐྲུན་པར་མཛད་པ་སོགས་གསང་གསུམ་གྱི་ཡོན་ཏན་རྨད་དུ་བྱུང་བ་ཆེས་མང་ངོ། རབ་བྱུང་བཅོ་ལྔ་པ་ས་ལུག﹙༡༩༡༩﹚ལོར་ནོར་གླིང་དུ་བཀའ་འགྱུར་པར་གསར་བཞེངས་ཀྱི་ཕྱག་ལས་ནང་བཞུགས་ནས་དཀར་ཆག་གི་འཕྲོ་རྣམས་བརྩམས། ཉན་བྲན་ཕུ་རྟག་བརྟན་རི་ཁྲོད་རྟེན་དང་བརྟེན་པར་བཅས་གསར་དུ་བཞེངས། བཀའ་རྩོམ་ལ་མཚོན་ན། 《གསན་ཡིག་བསམ་འཕེལ་ནོར་བུའི་དོ་ཤལ》 《བཅོམ་ལྡན་འདས་མ་སེང་ལྡེང་ནགས་ཀྱི་སྒྲོལ་མའི་རིམ་གཉིས་ཀྱི་རྣལ་འབྱོར་ཉམས་སུ་ལེན་ཚུལ་ཙིཏྟ་མ་ཎིའི་དོ་ཤལ》 《ནྰ་རོ་མཁའ་སྤྱོད་ཀྱི་སྒྲུབ་ཐབས་ཐུན་མོང་མ་ཡིན་པ་བདེ་ཆེན་ཉེ་ལམ》《བྱང་ཆུབ་ལམ་གྱི་རིམ་པ་མཆན་བུ་བཞི་སྦྲགས་ཀྱི་བཀའ་མཆན་ཐོར་བུ》《རྗེའི་ལམ་རིམ་ཆུང་ངུའི་བཤད་ལུང་དང་པཎ་ཆེན་གྱི་མྱུར་ལམ་ཉམས་ཁྲིད་སྦྲགས་མའི་གསུང་བཤད་ཟིན་བྲིས་མདོ་ཙམ་དུ་བཀོད་པ་ཟབ་རྒྱས་སྙིང་པོ》 《ཁྱབ་བདག་རྡོ་རྗེ་འཆང་ཕ་བོང་ཁའི་བཀའ་རྩོམ་དང་ཕྱག་བཞེས་ཕྲན་ཚེགས་སྐོར་ཕྱོགས་གཅིག་ཏུ་བཀོད་པ》སོགས་པོད་བཅུ་གཉིས་ལྷག་བཞུགས། དགུང་ལོ་རེ་བཞིར་ཕེབས་པ་རབ་བྱུང་བཅུ་དྲུག་པའི་ལྕགས་སྤྲུལ﹙༡༩༤༡﹚ལོར་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས། ༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།
ÕâÊÇ´úÂë