Jump to content

ནགས་ཚང་ནུས་བློ་

ཡོང་ཁུངས་Wikipedia
File:ནགས་ཚང་ནུས་བློ།.gif
ནགས་ཚང་ནུས་ལྡན་བློ་བཟང་།

ངོ་སྤྲོད་མདོར་བསྡུས།

[རྩོམ་སྒྲིག]

ནགས་ཚང་ནུས་བློའམ་ནགས་ཚང་ནུས་ལྡན་བློ་བཟང་ནི་བོད་རིགས་གྲགས་ཅན་རྩོམ་པ་པོ་ཞིག་ཡིན། ཁོང་གི་བརྩམས་ཆོས་ལ་འཛམ་གླིང་རྩོམ་རིག་གྲགས་ཅན་མི་སྣ་དག་གི་འདེངས་འཇོག་ཧ་ཅང་ཆེན་པོ་གནང་མྱངས།

ལོ་རྒྱུས།

[རྩོམ་སྒྲིག]

༡༩༤༨ལོར་ནགས་ཚང་དགྲ་འདུལ་དང་དམེ་བཟའ་ཚེ་རིང་སྐྱིད་གཉིས་ཀྱི་སྲས་སུ་མདོ་སྨད་རྨ་ཆུ་ཆུ་ཝ་དཀར་མ་སྡེ་བར་དེང་སང་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་ཁོངས་སྐྱེས། ༡༩༥༩ལོ་ནས་༡༩༦༥ལོ་བར་དེང་སང་གི་མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ཆུ་དམར་ལེབ་རྫོང་མི་རིགས་སློབ་འབྲིང་དང་། ཡུལ་ཤུལ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ། མཚོ་སྔོན་ཞིང་ཆེན་མི་རིགས་སློབ་གྲྭ་བཅས་སུ་སློབ་སྦྱོང་གནང་། ༡༩༦༥ལོ་ནས་རྒྱ་ ནག་གུང་ཁྲན་གཞུང་གི་ལས་བྱེད་དུ་གྱུར་ནས། ༡༩༩༣ ལོར་རྒན་ཡོལ་གནང་བའི་བར་དུ་ཆུ་དམར་ལེབ་རྫོང་དུ་སློབ་ཆུང་དགེ་རྒན་དང་། ཡུལ་ ཚོའི་སྤྱི་བདེ་ལས་བྱེད། དེ་ནས་གོ་གནས་རིམ་འཕར་གྱིས་ཆུ་དམར་ལེབ་རྫོང་གི་ཁྲིམས་འཛིན་ཅུའུ་ཟེར་བ་དེ་ཡི་ཅུའུ་ཀྲང་ངམ་འགན་འཛིན་གཞོན་པ་དང་། ཆུ་དམར་ལེབ་རྫོང་གི་རྫོང་དཔོན་གཞོན་པ་བཅས་ས་གནས་རྒྱ་གཞུང་གི་དབང་ཤུགས་ཅན་གྱི་གོ་གནས་ཀྱང་བཟུང་མྱོང་། འདི་ལ་རྩོམ་པ་ པོ་རང་གིས་སྲོལ་རྒྱུན་གྱི་བོད་མིའི་གོ་གནས་ཅན་ལ་ཆེ་བརྗོད་བྱེད་སྟངས་ལྟར་”ས་གར་སོང་འོག་ལ་རྟ་ཕོ་ཡོད་པ་དང་། རྒྱབ་ལ་བོའུ་རིང་ཐུང་གཉིས་རེ་ཁུར་བ། དཔོན་ས་མཐོན་པོར་བསྡད་ནས་དབང་ཆེན་པོ་བཟུང་མྱོང་།“ཞེས་རྩོམ་པ་པོ་རང་གི་འགོ་བརྗོད་དུ་བྲིས་ཡོད། རྒན་ཡོལ་མ་བྱས་པའི་ སྔོན་གྱི་ལོ་གསུམ་གྱི་རིང་ལ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་ཕྱག་ལས་གནང་། ལོ་དེ་དག་རིང་ལ་ལས་ཀའི་ཞོར་དུ་ཞིང་ཆེན་གྱི་དམར་ཕྱོགས་ཚོགས་པའི་སློབ་གྲྭ་དང་། ཞིང་ཆེན་དང་དབུས་གཞུང་གི་སྲིད་ཁྲིམས་ལས་བྱེད་ཀྱི་སློབ་གྲྭར་སོང་ནས་ཟབ་སྦྱོང་ཡང་གནང་འདུག

File:ནགས་ཚང་ཞི་ལུའི་སྐྱིད་སྡུག.gif
ནགས་ཚང་ཞི་ལུའི་སྐྱིད་སྡུག

བརྩམས་ཆོས་ངོ་སྤྲོད།

[རྩོམ་སྒྲིག]

ཁོང་གི་བརྩམས་ཆོས《ནགས་ཚང་ཞི་ལུའི་སྐྱིད་སྡུག》”ཅེས་པའི་དེབ་མིང་མཐོང་མ་ཐག་ནས་ཨ་མདོ་བ་ཞིག་གིས་དེབ་འདིའི་བརྗོད་བྱ་སྐྱེས་པ་ལོ་ཆུང་ཞིག་གི་ལོ་རྒྱུས་ཡིན་པ་ཤེས་ཐུབ། ཞི་ལུ་ཟེར་བ་འདི་ཨམ་སྐད་དུ་སྐྱེས་པ་སྤྱི་ལ་གོ་བའི་སྐབས་ཡོད་ན་ཡང་། མང་ཆེ་བའི་སྐབས་སུ་སྐྱེས་པ་ལོ་ཆུང་དང་གཞོན་ནུའི་དུས་གཉིས་ཀ་ལ་གོ “ནགས་ཚང་ཞི་ལུའི་སྐྱིད་སྡུག”གི་ནང་གི་“ཞི་ལུ་”ནི་རང་ལོ་བཅུ་ཅན་གྱི་བུ་ཕྲུག་ཅིག་ཡིན། སྤྱིར་བཏང་ལོ་ན་བཅུ་ཅན་གྱི་བུ་ཕྲུག་ཅིག་ནི་མི་ཚེ་ཡི་འགོ་བརྩམས་པ་ཙམ་ཡིན། ཡིན་ན་ཡང་ནགས་ཚང་ཞི་ལུ་འདི་ལོ་ན་བཅུ་ལ་སླེབས་དུས། ཁོ་རང་གི་ཁྱིམ་ཚང་དང་བོད་པ་སྤྱི་ཡི་གནས་སྟངས་ལ་གུང་ཁྲན་ཏང་གི་རྗོད་སྟངས་ལྟར་ན་“གནམ་ས་བླ་འོག་འགྱུར་”བ་ལྟ་བུའི་འགྱུར་ལྡོག་བྱུང་། རྩོམ་པ་པོ་འདི་འཁྲུངས་ནས་ལོ་གཅིག་ཀྱང་མ་འགོར་བར། ཨ་མ་གྲོངས་རྐྱེན་གྱིས་འབྱོར་ཕྱུག་ཅན་གྱི་སྦྲ་ནག་དྲོན་མོ་ཞིག་བལྟབས་ཏེ་དྭ་ཕྲུག་ཕྱེད་ཀར་གྱུར་བ་དང་། བཅིངས་འགྲོལ་དམག་ཡོང་བའི་དུས་ཟིང་གིས་ཕ་ཡུལ་དོར་ནས་འབྲོ་དགོས་བྱུང་བ། འབྲོ་ལམ་དུ་ཡང་བཅིངས་འགྲོལ་དམག་ལ་གཡོལ་བ་དང་འཐབ་པ་བཅས་ཀྱིས་ཕ་རྒན་བསད་དེ་དྭ་ཕྲུག་རྣལ་མ་ཞིག་ཏུ་གྱུར། མཐར་ཐུག་ལོ་ན་བཅུ་ལས་སོན་མེད་པའི་“ཞི་ལུ”འདི་བཙོན་ཁང་མ་གཏོགས་འགྲོ་ས་འདུག་ས་མེད་པར་གྱུར། རྩོམ་པ་པོ་འདིས་རང་གི་བྱིས་པའི་དུས་ཀྱི་མྱོང་བ་རྣམས་ཀློག་པ་པོ་རྣམས་ཀྱི་མིག་ལམ་དུ་རི་མོ་ནང་བཞིན་འདྲེན་ཐུབ་ཡོད་པ་མ་ཟད། མྱོང་བ་དེ་དག་གི་ནང་ལ་སིམ་ཡོད་པའི་ཚོར་འདུ་དྲག་པོ་རྣམས་ཀྱང་ཇི་བཞིན་དུ་ཐོན་ཡོད། སྒྲུང་འདི་ཀློག་མཁན་མང་པོས་རྩོམ་པ་པོ་ལ་ཡིག་འབྲེལ་བྱས་ཡོད་པར། ཁོང་ཚོ་མང་པོས་སྒྲུང་རྩོམ་འདི་མིག་ཆུ་འདོན་ཞོར་དུ་ཀློག་པ་ཡིན་ཟེར། ཀློག་པ་པོ་གཞན་ཞིག་གིས་ངོ་སྤྲོད་ཀྱི་རྩོམ་ཐུང་འདི་འབྲི་མཁན་ལ་འདི་ལྟར་བརྗོད། “ངས་སྒྲུང་འདི་ཀློག་སྐབས། ལན་མང་པོར་ཀློག་མཚམས་བཞག་ནས་སྙིང་མར་འབབ་ཏུ་འཇུག་དགོས་བྱུང་། དེ་མ་ གཏོགས་སྙིང་ཡར་བཀྱགས་ནས་མུ་མཐུད་ནས་ཀློག་ཐབས་མི་འདུག”ཟེར། རྩོམ་པ་པོ་པད་མ་ཚེ་དབང་ཤསྟྲི་ལགས་ལ་ཡང་ཚོར་བ་གཅིག་མཚུངས་བྱུང་ཡོད་དེ། ཁོང་གིས་བོད་ཡིག་གི་སྒྲུང་མང་པོ་བཀླགས་མྱོང་ཡང་“ཀློག་དུས་མིག་ཆུ་འབྱིན་ནུས་པ་ཞིག་ནགས་ཚང་ཞི་ལུའི་ལོ་རྒྱུས་ལས་གཞན་མ་བྱུང་”ཞེས་གསུངས། སྤྱིར་བཏང་བོད་ཀྱི་རྩོམ་རིག་ལ་རྩོམ་དཔྱད་ཧ་ཅང་ཉུང་བ་ལྟར། “ནགས་ཚང་ཞི་ལུའི་སྐྱིད་སྡུག”ལ་ཡང་ཀློག་མཁན་མང་བའི་ཚོད་ཀྱི་རྩོམ་དཔྱད་བྱུང་མེད། དེའི་རྒྱུ་མཚན་གཅིག་ནི་སྒྲུང་རྩོམ་འདི་དཔེ་སྐྲུན་ཁང་ངོ་མ་ཞིག་ཏུ་དཔེ་སྐྲུན་བྱས་མེད་སྟབས་། འགྲེམས་རྒྱ་ཆེ་བའི་ཡོངས་གྲགས་ཀྱི་རྩོམ་རིག་དུས་དེབ་རྣམས་སུ་རྩོམ་དཔྱད་སྤེལ་ཐབས་མེད་ལས་ཆེ། ཡིན་ན་ཡང་གཞུང་འབྲེལ་མ་ཡིན་པའི་བོད་ཡིག་གི་དྲ་རྒྱ་ཁག་གི་པོད་ཁུག་གམ་ཟིན་བྲིས(Blog)རྣམས་ཀྱི་ནང་དུ་བརྩམས་སྒྲུང་འདི་ཕན་ཚུན་ལ་ངོ་སྤྲོད་དང་ཀློག་སྐུལ་གང་མང་བྱས་འདུག བོད་ཀྱི་རྩོམ་རིག་གི་དྲ་རྒྱ་མཆོད་མེ་ཟེར་བ་དེར་“ནགས་ཚང་ཞི་ལུའི་སྐྱིད་སྡུག”པར་སྐྲུན་བྱས་པ་ནི༢༠༠༧ ལོའི་བོད་ཀྱི་རྩོམ་རིག་གི་དོན་ཆེན་བཅུའི་ནང་གི་ཨང་རིམ་ལྔ་བར་བགྲངས་ཤིང་། འདི་ནི་ “བོད་ཀྱི་ལོ་རྒྱུས་སྟེང་གི་ཕལ་བའི་རང་རྣམ་སྲོག་རྐང་དུ་བཞག་པའི་བརྩམས་སྒྲུང་ཨང་དང་པོ”ལ་ངོས་འཛིན་བྱས་ཡོད། སྒྲུང་རྩོམ་འདི་དཔེ་སྐྲུན་བྱས་པ་ནས། བོད་ནང་གི་ཀློག་པ་པོ་གང་མང་ཞིག་གིས་རྩོམ་པ་པོ་ལ་ཐད་ཀར་ཡིག་འབྲེལ་བྱས་འདུག ཡིག་འབྲེལ་བྱེད་མཁན་གྱི་ནང་དུ་རྩོམ་པ་པོ་ནང་བཞིན་དུས་རབས་གོང་མའི་ལོ་རབས་ལྔ་བཅུའི་ནང་གི་བོད་ཀྱི་དུས་འགྱུར་ཆེན་མོ་དེ་དངོས་སུ་བརྒྱུད་མྱོང་མཁན་ཡོད་ལ། དུས་འགྱུར་འདིའི་སྐོར་ལ་རྣ་ཐོས་ཙམ་མ་གཏོགས་མེད་པའི་དེང་སང་གི་གཞོན་ནུ་ཡང་ཡོད། ཁོང་ཚོའི་ཡི་གེའི་ནང་དོན་རྣམས་མདོ་དོན་དུ་དྲིལ་ན་དོན་གནད་གསུམ་དུ་འདུས། གཅིག་ནི། དུས་རབས་གོང་མའི་ལོ་རབས་ལྔ་བཅུ་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་དུས་འགྱུར་ཧ་ཅང་ཆེན་པོ་ཞིག་ཡིན་ན་ཡང་། རྒྱ་གཞུང་ གི་དྲིལ་བསྒྲགས་ཀྱི་ཡིག་རིགས་མ་གཏོགས་ཡིག་ཐོག་ཏུ་བཀོད་པ་མེད་པའི་ཧོར་ཁུང་སྒྲུང་རྩོམ་འདིས་གསབ་པ་དང་། གཉིས་ནི། སྒྲུང་རྩོམ་འདིས་དུས་འགྱུར་ཆེན་མོ་དེ་བཤད་མི་ཆོག་པ་དང་བྲིས་མི་ཆོག་པའི་བཀག་རྒྱ་གཏོར་བ། གསུམ་ནི། སྒྲུང་རྩོམ་འདི་ལ་ནོ་སྦེལ་རྩོམ་རིག་བྱ་དགའི་འོས་གཞིའི་ནང་དུ་ཚུད་ཐབས་བྱ་འོས་ཆེ་བ་བཅས་ཡིན། སྒྲུང་རྩོམ་འདིས་ཀློག་པ་པོ་མང་པོའི་ཡིད་དབང་འགུག་པ་དང་མཚུངས་སུ། ཁོང་ཚོས་ཆབ་སྲིད་ཀྱི་ཐོག་ནས་རྩོམ་པ་པོ་འདིའི་བདེ་འཇགས་ལ་དཀའ་ངལ་འཕྲད་ཡོང་མི་ཡོང་ངམ་སྙམ་པའི་སེམས་ཁྲལ་ཡང་བྱེད་ཀྱི་ཡོད། སྒྲུང་ རྩོམ་འདིའི་ནང་དུ་རྒྱ་གཞུང་གི་དྲིལ་བསྒྲགས་ཡིག་རིགས་དང་ཧེ་བག་ཅན་གྱི་གནས་ཚུལ་མང་པོ་ཞིབ་འབྲི་བྱས་ཡོད། ཨ་རིའི་རྒྱང་བསྒྲགས་ལས་ཁུངས་ནས་རྩོམ་པ་པོ་ལ་ཁོང་གིས་ཆབ་སྲིད་ཀྱི་དཀའ་ངལ་འཕྲད་མིན་ལ་སེམས་ཁྲལ་བྱེད་ཀྱི་ཡོད་མེད་བཀའ་འདྲི་གནང་བར། རྩོམ་པ་པོས་ཁོང་ལ་མི་རིགས་ཤིག་དང་ས་གནས་ཤིག་གི་ལོ་རྒྱུས་འབྲི་བའི་དབང་ཆ་མེད་ན་ཡང་། ཁོང་རང་གི་སྒེར་གྱི་ལོ་རྒྱུས་འབྲི་བའི་དབང་ཆ་ཁོང་རང་ལ་ཡོད་པར་ངོས་འཛིན་བྱས་ཡོད། སྒྲུང་རྩོམ་དེ་འགྲེམས་སྤེལ་རྒྱ་ཆེར་བྱུང་ནས་ལོ་གཅིག་ལྷག་འགོར་ན་ཡང་། རྩོམ་པ་པོ་ལ་དཀའ་ངལ་འཕྲད་རབས་གཏམ་ཟུར་ཙམ་ཡང་ཐོས་རྒྱུ་མེད་པའི་སྐབས་འདིར། རྩོམ་པ་པོ་འདིའི་བདེ་འཇགས་ལ་སེམས་ཁྲལ་གནང་མཁན་རྣམས་ཀྱིས་བློ་བག་ཅུང་ཙམ་བདེ་བའི་དབུགས་རིང་ཞིག་དལ་གྱིས་འབྱིན་བཞིན་ཡོད། སྒྲུང་རྩོམ་འདི་བཀླགས་པ་ལས་བྱུང་བའི་མིག་ཆུ་བསྐམས་ཤིང་སྙིང་གི་འཕར་ལྡིང་འཇགས་རྗེས། ཀློག་པ་པོ་སྐོར་ཞིག་གིས་སྒྲུང་རྩོམ་འདིའི་སྐྱོན་ཆ་འགའ་རེ་ཡང་མཐོང་བཞིན་ཡོད། སྐྱོན་ཆ་གཅིག་ནི་ཡིག་སྐད་དུ་མ་བྲིས་པར་ཨ་མདོ་རྨ་ཆུའི་འབྲོག་སྐད་དུ་བྲིས་ཡོད་པ་དེས་སྒྲུང་རྩོམ་འདི་ ཀློག་པ་པོ་བོད་པ་ནང་ཁུལ་དུ་རྒྱ་ཇེ་ཆུང་དུ་བཏང་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། སྐྱོན་ཆ་འདི་སེལ་ཆེད་ཉེ་ཆར་རྡ་རམ་ས་ལར་སྒྲུང་རྩོམ་འདི་ཨ་མདོའི་འབྲོག་སྐད་ནས་ཡིག་སྐད་དུ་ཕབ་སྒྱུར་བྱས་ནས་དཔེ་སྐྲུན་བྱས་ཡོད་པ་དེས། བརྩམས་ཆོས་ཤིག་བོད་སྐད་ནས་བོད་སྐད་དུ་ཕབ་སྒྱུར་བྱས་པའི་འུ་ཐུག་གི་ལོ་རྒྱུས་གསར་བཏོད་བྱས། ད་དུང་སྒྲུང་རྩོམ་འདིའི་ནང་གི་མི་སྣ་གཙོ་བོ་ནི་ལོ་ན་བཅུ་ལས་མ་བརྒལ་བ་ཞིག་ཡིན་པ་ལ། དེའི་བསམ་ བློ་གཏོང་སྟངས་ཁག་ཅིག་ན་ཆུང་བྱིས་པ་ཞིག་ལ་མི་འཚམས་པའི་ངོས་འཛིན་བྱེད་མཁན་གྱི་ཀློག་པ་པོ་ཡང་སྐོར་ཞིག་ཡོད། རང་རྣམ་གྱི་སྒྲུང་རྩོམ་འདི་ལ་སྐྱོན་ཆ་ཕྲ་མོ་རེ་ཡོད་ན་ཡང་། དེ་དག་གིས་བརྩམས་ཆོས་འདིའི་ཤུགས་རྐྱེན་ཇེ་ཆུང་དུ་བཏང་མེད། བརྩམས་ ཆོས་འདིས་བོད་ཀྱི་རྩོམ་རིག་གི་བརྗོད་གཞི་གསར་པ་ཞིག་གི་སྒོ་ཕྱེ་བར་གྱུར། བརྩམས་ཆོས་དེ་ཐོན་རྗེས་ཀྱི་ལོ་གཅིག་གི་ནང་ལ་དེ་དང་བརྗོད་གཞི་གཅིག་མཚུངས་ཅན་གྱི་བརྩམས་ཆོས་“ངའི་ཕ་ཡུལ་དང་ཞི་བའི་བཅིངས་འགྲོལ།”དང་“ངའི་ཕ་ཡུལ་དང་གཟབ་ཉན”ཟེར་བ་གཉིས་པར་འགྲེམས་སྤེལ་བྱས་ཡོད། སྤྱིར་བཏང་རིག་གནས་གསར་བརྗེའི་རྗེས་སུ་རྒྱ་ནག་རང་“སེམས་རྨའི་རྩོམ་རིག་”ཟེར་བའི་རིག་གནས་གསར་བརྗེ་ཡིས་མཚོན་པའི་རྒྱ་ནག་གུང་ཁྲན་གཞུང་གི་གཡོན་ཐལ་ཆེ་བའི་ཆབ་སྲིད་ཀྱི་ལས་འགུལ་རྣམས་ཀྱི་སྐྱོན་མཚང་འདོན་པའི་རྩོམ་རིག་གི་ལས་འགུལ་ཞིག་དར་བ་དེས་ཤུགས་རྐྱེན་གྱིས། བོད་པའི་རྩོམ་རིག་གི་ནང་དུ་ཡང་རིག་གནས་གསར་བརྗེ་ཡི་སྐྱོན་མཚང་འབྱིན་པའི་སྒྲུང་རྩོམ་ཁ་ཤས་ཤིག་བྱུང་ཡོད། ཡིན་ན་ཡང་རྒྱ་ནག་གུང་ཁྲན་གྱི་དབང་ཤུགས་བོད་ལ་དང་པོར་སླེབས་སྐབས་སུ་བོད་ལ་གོད་ཆག་ཅི་བྱུང་བྲིས་པའི་བརྩམས་ཆོས་ཤིག་ད་བར་དུ་བྱུང་མེད། “ནགས་ཚང་ཞི་ལུའི་སྐྱིད་སྡུག”ནི་རང་གི་མྱོང་བ་ངོ་མའི་ཐོག་ནས་གུང་ཁྲན་གྱི་དབང་ཤུགས་བོད་དུ་སླེབས་སྐབས་རྩོམ་པ་པོ་རང་དང་རང་གི་ཕ་ཡུལ་ལ་གོད་ཆག་ཅི་བྱུང་རང་གི་མྱོང་བ་ངོ་མའི་ཐོག་ནས་བྲིས་པའི་བརྩམས་ཆོས་དང་པོ་ཡིན། སྒྲུང་རྩོམ་འདི་འགྲེམས་སྤེལ་བྱས་ནས་ལོ་གཅིག་གི་ནང་དུ་བྱུང་བའི་འགྱུར་དང་པོ་ནི་བོད་ཀྱི་ཨམ་སྐད་ནས་ཡིག་སྐད་དུ་བསྒྱུར་བ་འདི་ཡིན་ལ། གཉིས་པ་ནི་རྒྱ་ཡིག་ཡིན། ངས་སྒྲུང་རྩོམ་འདིའི་ངོ་སྤྲོད་འདི་བྲིས་ཚར་ལ་ཉེ་བའི་སྐབས་འདིར་བོད་མོ་སྙན་ངག་པ་ལྕགས་མོ་མཚོ་དང་མོའི་སྐུ་ཟླ་ལྷག་རྒྱལ་གཉིས་ནས་གཙོ་བྱས་པའི་ཁོང་ཚོ་ཁག་ཅིག་གིས་སྒྲུང་རྩོམ་འདི་རྒྱ་ཡིག་ཏུ་ཡོངས་སུ་བསྒྱུར་ཚར་ནས་དཔེ་སྐྲུན་ཁང་འཚོལ་བཞིན་པའི་གནས་ཚུལ་འབྱོར། འགྱུར་འདི་གཉིས་ཀྱིས་སྒྲུང་རྩོམ་འདིའི་ཀློག་པ་པོ་རྒྱ་སྐྱེད་ལྡབ་འགྱུར་གྱིས་འབྱུང་རྒྱུ་དང་། མི་འགྱངས་པར་དབྱིན་འགྱུར་མ་ཡང་ཐོན་རྒྱུའི་གོ་སྐབས་ཇེ་ཆེར་སོང་ཡོད།

འབྲེལ་མཐུད།

[རྩོམ་སྒྲིག]