ནགས་ཚང་ཞི་ལུའི་སྐྱིད་སྡུག་

ཡོང་ཁུངས་Wikipedia
File:ནགས་ཚང་ཞི་ལུའི་སྐྱིད་སྡུག.gif
ནགས་ཚང་ཞི་ལུའི་སྐྱིད་སྡུག

《ནགས་ཚང་ཞི་ལུའི་སྐྱིད་སྡུག》ནི་རྩོམ་པ་པོ་ནགས་ཚང་ནུས་བློས་བརྩམས་པ་ཡིན།
དེབ་འདིའི་བརྗོད་བྱ་གཙོ་བོ་ནགས་ཚང་བུ་ནུས་ལྡན་བློ་བཟང་ཁོ་རང་གི་མི་ཚེའི་ལོ་རྒྱུས་དང་འབྲེལ་ནས་མཐོང་ཐོས་མྱོང་གསུམ་གྱི་ཚོར་སྣང་དང་ལོ་རྒྱུས་ངོ་མ་དག་སྦས་སྐུང་བརྐྱང་བསྐུམ་མེད་པར་བྲིས་འདུག་ལ། དེའང་ལེའུ་ཆེན་པོ་ལྔ་དང༌། ལེ་ཚན་ཆུང་བ་ 88 ཀྱི་ནང་དུ་བསྡུས་ཡོད་པ་རེད།

རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།[རྩོམ་སྒྲིག]

File:ནགས་ཚང་ནུས་བློ།.gif
ནགས་ཚང་ནུས་བློ།

࿄ནགས་ཚང་ནུས་བློ། (ནུས་ལྡན་བློ་བཟང)ཕོ་ལོ་58བོད་རབ་བྱུང་དྲུག་པའི་ས་ཕོ་བྱི་བའི་ལོའི་ཧོར་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན། ཀན་ལྷོ་རྨ་ཆུ་རྫོང་ཆུ་ཝ་མ་སྡེ་བའི་ནགས་ཚང་དགྲ་འདུལ་ཚང་ནས་སྐྱེས། ཆུང་དུས་ཕ་རྒན་དང་མཉམ་དུ་བྱང་སྐུ་འབུམ་དགོན་པ་དང་། ལྷ་སའི་སེ་འབྲས་དགའ་གསུམ་སོགས་དགོན་པ་གྲགས་ཅན་དུ་མཆོད་མཛལ་ལ་སོང་མྱོང་།

●1959ལོའི་ཟླ་11པར་ཆུ་དམར་ལེབ་རྫོང་མི་རིགས་སློབ་འབྲིང་ནས་སློབ་སྦྱོང་བྱས།

●1964ལོར་ཡུལ་ཤུལ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ་ནས་མཐར་ཕྱིན།

●1965ལོར་མཚོ་སྔོན་ཞིང་ཆེན་མི་རིགས་སློབ་གྲྭར་སློབ་སྦྱོང་བྱས།

●1965ལོའི་ཟླ་10བར་ལས་ཀར་བཞུགས་ཏེ་ཆུ་དམར་ལེབ་རྫོང་སློབ་ཆུང་གི་དགེ་རྒན་བྱས།

●1967ལོར་འབར་དགོན་སློབ་ཆུང་གི་དགེ་རྒན་བྱས་པ་དང་།

●1971ལོ་ནས་ཤང་གི་སྤྱི་བདེ་ཆེད་མངགས་པའི་འགན་བླངས།

●1979ལོར་རྫོང་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་གཞོན་པའི་འགན་ཁུར།

●1984ལོ་ནས་རྫོང་ཁྲིམས་འཛིན་ཅུའུ་ཡི་ཅུའུ་ཀྲང་གཞོན་པའི་འགན་ཁུར།

●1987ལོར་ཆུ་དམར་ལེབ་རྫོང་གི་རྫོང་དཔོན་གཞོན་པའི་འགན་ཁུར།

●1990ལོར་ཡུལ་ཤུལ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་ལས་གནས་སྤོས།

●1993ལོ་ངལ་གསོས་རྗེས་ལོ་འགའི་རིང་། ཁོས་མིང་གྲགས་ཅན་གྱི་བླ་སྤྲུལ་དང་ཕྱི་རྒྱལ་གྱི་གྲོགས་པོ་སོགས་ཀྱི་འབྲེལ་བ་བརྒྱུད་པ་དང་། ཁྱད་པར་དུ་ཀན་སུའུ་ཞིང་ཆེན་བླ་བྲང་དགོན་པའི་གསེར་ཁྲི་གུང་ཐང་བསྟན་པའི་དབང་ཕྱུག་མཆོག་གི་རྒྱབ་སྐྱོར་དང་ཐུགས་ཁུར་འོག་ཏུ། མ་དངུལ་བསྡུ་ནས་ཆུ་དམར་ལེབ་རྫོང་ཐོག་ཏུ་ཆོས་ལུགས་བྱེད་སྒོ་སྤེལ་སའི་ས་ཚིགས་ཤིག་བཞེངས་པར་མ་ཟད། ད་དུང་བཀའ་འགྱུར་དང་། ཡིག་བརྒྱ། མ་ཎི། ཐར་མདོ་སོགས་ཀྱི་འཁོར་ཆེན་བཞི་དང་འཁོར་ཆུང་ལྔ་བརྒྱ་ཙམ་བཞེངས་ཏེ་ཆོས་དད་མང་ཚོགས་ཀྱི་རེ་བ་བསྐངས།

࿄སྔ་རྗེས་སུ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ་དང་རྫོང་མི་རིགས་སློབ་འབྲིང་། ཕ་ཡུལ་གྱི་ཆུ་ཁ་མའི་སློབ་ཆུང་བཅས་ལ་ཨ་སྒོར་གྱིས་རོགས་སྐྱོར་བྱས་མྱོང་།


࿄ད་ལྟ་ཁོ་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་རྒྱུན་ལས་བློ་འདྲི་ས་དང་། ལིས་ཧྲི་བཅས་ཀྱི་འགན་བཞེས་ཏེ་ལྷག་བསམ་རྣམ་དག་གིས། “ང་ནི་བོད་རིགས་མི་དམངས་ཀྱི་བུ་ཕྲུག་ཅིག་ཡིན། བོད་རིགས་མི་དམངས་ལ་ཕན་པ་ཡོད་པའི་བྱ་བ་ཞིག་ཡིན་ན། ང་རང་གིས་ནུས་ཤུགས་ཅི་ཡོད་ཀྱིས་སྒྲུབ་རྒྱ་ཡིན”ཞེས་པ་ནང་བཞིན་མུ་མཐུད་དུ་འབད་པ་མཛད་བཞིན་མཆིས་སོ། །

དེབ་ཀྱི་ནང་དོན་མདོར་བསྡུས་ངོ་སྤྲོད།[རྩོམ་སྒྲིག]

ལེའུ་དང་པོ། མི་ལུས་ཐོབ་པའི་དགའ་སྐྱོ་སྡུག་གསུམ།[རྩོམ་སྒྲིག]

ལེའུ་དེའི་ནང་དོན་གཙོ་བོ་ནི་ནགས་ཚང་ནུས་བློ་ཕྱི་ལོ་༡༩༤༨ལོར་བོད་ཤར་ཕྱོགས་ཨ་མདོ་རྨ་ཆུའི་རྩྭ་ཐང་ནགས་ཚང་ཚང་ཞེས་པའི་འབྲོག་ཁྱིམ་དུ་སྐྱེས་ཤིང༌། ཆུང་དུས་ནས་ཨ་མ་གྲོངས་ཏེ་དྭ་ཕྲུག་ཏུ་གྱུར་པའི་བྱིས་པ་ཆུང་ཆུང་ཡིན་པའི་སྐབས་ཀྱི་གནས་སྟངས་ཞིབ་ཕྲ་བྲིས་འདུག་ལ། སྐབས་དེ་དུས་བོད་ཀྱི་འབྲོག་པ་དཀྱུས་མ་ཞིག་གི་མི་ཚེ་སྐྱེལ་སྟངས་དང༌། ལྷག་པར་དུ་ཨ་མ་འཇིག་རྟེན་མི་ཡུལ་དང་བྲལ་ཞིང༌། ཨ་ཕ་དང་དུས་རྒྱུན་དུ་འདྲིས་གཤིབས་བྱེད་རྒྱུའི་གོ་སྐབས་མ་བྱུང་བའི་རྐྱེན་གྱིས་ཕྲུ་གུ་ཆུང་ཆུང་ཞིག་གིས་སྐྱོ་གདུང་གི་མིག་ཆུ་དང་འབྲེལ་བའི་དངོས་ཡོད་ཀྱི་འཚོ་བ་སོགས་ཀློག་པ་པོ་རྣམས་ལ་གློག་བརྙན་བཞིན་གསལ་བོ་མཐོང་ཐུབ་པའི་བྲོ་བ་ལྡན་ཡོད།

ལེའུ་གཉིས་པ། མི་ཚེའི་སྐྱིད་སྡུག་རྒོ་བོའི་རྭ་ཚིགས།[རྩོམ་སྒྲིག]

ཆུང་ཆུང་ཡིན་དུས་ཨ་མ་གྲོངས་པ་དང་ཨ་ཕ་ཡང་ས་ཆ་གཞན་དུ་དུས་རྒྱུན་འགྲོ་བསྐྱོད་དགོས་པར་བརྟེན་ནུས་བློ་ཆུང་ཆུང་སྐབས། རང་གི་ཕུ་བོ་འཇའ་པེ་ཁོང་གི་ཕ་ཡུལ་རྨ་སྡེ་ཆུ་ཁ་མའི་བཀྲ་ཤིས་ཆོས་གླིང་དགོན་དུ་ཡོད་པ་ཁོང་གི་ས་རུ་སོང་ནས་བསྡད་པ་དང༌། སྐབས་དེ་དུས་ལོ་ན་ཆུང་བ་དང་གྲྭ་ཆུང་འགས་ཁོང་ལ་མཐོང་ཆུང་བརྙས་བཅོས་བྱས་ནས་ཆོས་རའི་རྡོ་གཅལ་གྱི་སྟེང་དུ་གཉིད་ཁུག་པའི་སྐབས་སུ་མགོ་ལ་གཅིན་པ་བཏང་བ། དེ་བཞིན་དགོན་པའི་སྐོར་ལམ་དང་ཐབ་ཚང་བཅས་སུ་ཐུག་ལྷག་སློང་བ། ཁྱི་ཕྲུག་བདག་མེད་རྩེ་རོགས་སུ་ཉར་ནས་གསོ་སྐྱོང་བྱས་པ་སོགས་དང༌། འབྲོག་པའི་རུ་ནང་དུ་སོང་ནས་རང་དང་ལོ་མཉམ་གྱི་ན་ཆུང་བྱིས་པ་ཆུང་ཆུང་མེ་ཏོག་འཐུ་རོགས་དང༌། ཡང་ཆུང་ལུ་གུ་འཚོ་རོགས་རྣམས་དང་ལྷན་དུ་རྩྭ་ཚང་གི་སྟེང་ནས་འཚོ་བ་རོལ་བ་སོགས་ཀློག་པ་པོ་རྣམས་ལ་ཚོར་བ་དངོས་སུ་སྤྲོད་ཐུབ་པའི་ཁྱད་ཆོས་ལྡན་ཡོད།

ལེའུ་གསུམ་པ། དབུས་ཇོ་བོར་ཐོད་མཇལ་ཞུས་པ།[རྩོམ་སྒྲིག]

ཨ་ཕ་དང༌། ཕུ་བོ་སོགས་ཡུལ་མི་བརྒྱ་ཕྲག་ཁ་ཤས་དང་མཉམ་དུ་ལྷ་སར་སོང་བ་དང༌། སྐབས་དེ་དུས་ཀྱི་བོད་ཀྱི་སྤྱི་ཚོགས་འཚོ་བའི་གནས་སྟངས་དང༌། ལྷག་པར་དུ་ས་ཐག་རིང་ཨ་མདོའི་ཡུལ་ནས་རྟ་ཞོན་ཏེ་སྤྱི་ལེ་སྟོང་ཕྲག་གསུམ་ཙམ་གྱི་ས་ཐག་གིས་ཆོད་པའི་ཉི་མ་ལྷ་སའི་ཇོ་བོ་འཇལ་དུ་སོང་བ། དེའི་ཚེ་དེའི་དུས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་དང༌།ཤྭ་བ་དང་རྐྱང༌།འབྲོང༌།གཙོད།རྒོ་བ།དྲེད་མོང༌། སྤྱང་ཀི་སོགས་རི་སྐྱེས་སེམས་ཅན་གྱི་འཕེལ་རྒྱས་གནས་སྟངས་དང༌། དེ་རྗེས་སུ་རྒྱ་མི་དང༌།བོད་རིགས་བསམ་མེད་རེ་ཟུང་གིས་བོད་ཀྱི་རི་དྭགས་དང་གཅན་གཟན་བསད་ནས་ས་ཁུལ་དེ་དག་གི་ད་ལྟ་རི་དྭགས་དང་གཅན་གཟན་རྣམས་རྩ་སྟོངས་སུ་འགྲོ་བཞིན་པ་བཅས་ཡིད་སྐྱོ་དགོས་པའི་གནས་སྟངས་ཇི་འདྲ་ཡིན་པའང་གསལ་པོ་ཤུགས་ཀྱིས་རྟོགས་ཐུབ།ལེའུ་བཞི་པ། ས་མཐར་འཁྱམས་པའི་སྐྱོ་སེམས།

ལེའུ་བཞི་པ། རང་ཡུལ་བཞག་སྟེ་བྲོལ་བྱོས་ཕྱིན་པ།[རྩོམ་སྒྲིག]

དེ་བཞིན་བོད་ཤར་ཕྱོགས་ནས་བཟུང་རིམ་པ་བཞིན་རྒྱ་ནག་གིས་དམག་དཔུང་བོད་ལ་ཡོང་འགོ་ཚུགས་ནས་བོད་ས་སྟོད་སྨད་བར་གསུམ་མི་ཤི་རྒྱུ་གོད་ཇི་ལྟར་བྱས་པ་དང༌། རང་ཉིད་ཀྱི་དྲིན་ཆེན་ཨ་ཕས་གཙོས་རྒྱ་གཞུང་གི་བཙན་གནོན་ལས་གཡོལ་ཐབས་སུ། རང་ཡུལ་བཞག་ནས་མི་ཡུལ་དུ་བྲོས་བྱོལ་ལ་སོང་བ་དང༌། ལམ་བར་དུ་བོད་རིགས་ཤི་རྨས་ཇི་ལྟར་བྱས་པའི་རིམ་པ། ཁམས་ཡུལ་ཤུལ་ཆུ་དམར་ལེབ་ཀྱི་ས་ཆ་རུ་སླེབས་པའི་སྐབས་དྲག་དཔུང་གི་མཚོན་ཆའི་འོག་ཁོང་གི་ཕ་དྲིན་ཆེན་གྱི་ཚེ་སྲོག་ཤོར་བ་མ་ཟད། ཕ་ཡུལ་ནས་མཉམ་དུ་བྲོས་བྱོལ་ལ་ཡོང་བའི་རོགས་པ་གང་མང་ཞིག་གི་ཚེ་སྲོག་ཤོར་བ། ཁོང་དང་ཁོང་གི་གཅེན་པོས་གཙོས་གང་མང་ཞིག་འཛིན་བཟུང་བཙོན་འཇུག་བྱས་པའི་གནས་སྟངས་ཞིབ་ཕྲ་བྲིས་ཡོད་པ་རེད།

ལེའུ་ལྔ་པ། ཡ་ང་བའི་དྭ་ཕྲུག་གི་འཚོ་བ།[རྩོམ་སྒྲིག]

བཙན་གནོན་འོག་བོད་མི་གང་མང་ཞིག་བཙོན་འཇུག་བྱས་ནས་རྡུང་རྡེག་མནར་གཅོད་མུ་གེ་བཅས་ཀྱི་འོག་ནས་བོད་མི་ཤི་གོད་ཇི་ལྟར་བྱུང་བའི་གནས་སྟངས་བཅས་ཞིབ་ཅིང་ཕྲ་བ་འཁོད་ཡོད། ཁོང་དང་སྤུན་ཆེ་བ་ནགས་ཚང་འཇའ་པེ་གཉིས་ལོ་ན་ཆུང་བས་བཙོན་འཇུག་མ་བྱས་པར་གློད་གྲོལ་བཏང་ཡང༌། ཁོང་གཉིས་ལ་སྤུན་མཆེད་དང་གཉེན་ཉེ་དཔལ་འབྱོར་གང་ཡང་མེད་པས་དཀའ་སྡུག་གི་འཚོ་བ་སྣ་ཚོགས་སྐྱེལ་དགོས་བྱུང་ཡོད་པ་མ་ཟད། ཙི་ཙི་བསད་ནས་ཟ་དགོས་བྱུང་བ་སོགས་དཀའ་ངལ་ཆེན་པོ་མྱངས་པ། སྐབས་དེར་ལོ་ན་ཆུང་བའི་ན་གཞོན་བརྒྱ་ཕྲག་མང་པོ་མུག་ཤི་ཐེབས་པ་སོགས་དངོས་སུ་མཐོང་བའི་ལོ་རྒྱུས་ཁག་ཁ་གསལ་པོ་དང་ཞིབ་ཕྲ་བྲིས་ཡོད་པ་རེད།

དེབ་ཀྱི་དམིགས་བསལ་ཁྱད་ཆོས་དང་རིན་ཐང་།[རྩོམ་སྒྲིག]


དེབ་འདི་ལ་མཚོན་ན་བོད་ས་མ་ཤོར་གོང་གི་བོད་རིགས་མི་མང་སྤྱི་དང༌། ལྷག་པར་དུ་མདོ་སྨད་ས་ཁུལ་གྱི་འབྲོག་པ་རྣམས་ཀྱི་འཚོ་བ་སྐྱེལ་སྟངས་ཞིབ་ཕྲ་བྲིས་ཡོད་ལ། གནའ་ནས་ད་བར་འདི་ལྟར་མི་མང་དཀྱུས་མའི་འཚོ་བ་དངོས་ཀྱི་ལོ་རྒྱུས་ཡིག་ཐོག་ཏུ་བཀོད་པའི་དེབ་ཐེར་ཐོག་མ་ལྟ་བུ་ཆགས་ཡོད།


དེ་བཞིན་བོད་ས་མ་ཤོར་གོང་གི་བོད་ནང་གི་རང་བྱུང་ཁོར་ཡུག་དང༌། རི་སྐྱེས་སྲོག་ཆགས་ཀྱི་འཕེལ་རྒྱས་དངོས་མཐོང་ཡིག་ཐོག་ཏུ་བཀོད་ཡོད་པ་མ་ཟད། ད་ལྟ་བོད་ནང་གི་རི་སྐྱེས་གཅན་གཟན་རི་དྭགས་ཀྱི་གནས་སྟངས་གཉིས་གཤིབས་བསྡུར་བྱས་ན་བློ་ཕམ་སྐྱེ་དགོས་པའི་གནས་སྟངས་ཤིག་ཡིན་པ་ཤུགས་ཀྱིས་གསལ་པོ་ཆགས་ཡོད།


བོད་ནང་དུ་རྒྱ་དམར་དྲག་དཔུང་གིས་བཙན་འཛུལ་བྱེད་པའི་སྐབས་བོད་མི་རིགས་དམར་གསོད་བཏང་བ་དང༌། བཙོན་ཁང་དུ་མནར་གཅོད་དང་རྡུང་རྡེག་འོག་མུག་ཤི་ཐེབས་པའི་གནས་སྟངས་སོགས་ཁོང་གི་མཐོང་ཐོས་དངོས་ལ་བརྟེན་ནས་གསལ་པོ་བྲིས་ཡོད། དེབ་འདི་ལ་མཚོན་ན་དཀའ་ངལ་སྣ་ཚོགས་ཀྱི་འོག་ནས་བོད་རིགས་མུག་ཤི་ཐེབས་པ་གཙོ་བོ་ཁམས་ཡུལ་ཤུལ་ཆུ་དམར་ལེབ་རྫོང་གི་གནས་སྟངས་གཞི་ལ་བཞག་ནས་བྲིས་ཡོད་ཀྱང༌། བོད་ས་སྟོད་སྨད་བར་གསུམ་གྱི་དཀའ་སྡུག་གི་གནས་སྟངས་གཅིག་མཚུངས་ལྟ་བུ་ཆགས་ཡོད་པས་དེབ་འདིས་བོད་ཡུལ་ཧྲིལ་པོར་བཙན་གནོན་འོག་དཀའ་སྡུག་ཇི་ལྟར་མྱངས་པ་ཤེས་ཐུབ།


ཁོང་གི་དེབ་འདིའི་ནང་དུ་ཕྱོགས་གཅིག་སྡུག་ས་དང༌། ཕྱོགས་གཅིག་ཡག་ས་རྐྱང་བྲིས་པ་ལྟ་བུ་ཕྱོགས་ལྷུང་གི་ལོ་རྒྱུས་མ་ཡིན་པར་སུའི་མ་འགྲིག་པ་དང་འགྲིག་པ་བཅས་ཚང་མ་གསལ་པོ་བྲིས་འདུག་ལ། བོད་ས་མ་ཤོར་གོང་གྲལ་རིམ་དང་མཐོ་དམན་དབང་ཤེད་ལ་བརྟེན་ནས་ཉམ་ཆུང་ལ་ཐུབ་ཚོད་བཏང་བ་ཁོ་རང་གི་ཕ་ལ། ཆུ་ཁ་མའི་དགོན་པའི་དགེ་བསྐོས་ཀྱིས་མ་ཉེས་ཁ་གཡོག་གིས་གྲྭ་མང་འདུས་པའི་སར་ལུས་གཅེར་བུར་ཕུད་ནས་ལྕག་ཚན་གང་མང་གཞུས་པ་ལྟ་བུ་ཡང་གསལ་པོ་བྲིས་ཡོད་པས། ཚད་ལྡན་གྱི་ལོ་རྒྱུས་དེབ་ཐེར་ཞིག་གི་མཚན་ཉིད་ཚང་ཡོད།


དེབ་འདི་ལོ་རྒྱུས་ལ་དོ་སྣང་ཡོད་མཁན་ཞིག་གིས་བཀླག་ན་ལོ་རྒྱུས་ཁ་གསལ་གཏིང་ཟབ་གྱིས་བྲིས་ཡོད་པས་དུས་ཚོད་དེའི་ནང་གི་ལོ་རྒྱུས་ངོ་མ་ཤེས་ཐུབ་པའི་ཕན་ཡོན་ལྡན་ཡོད་ལ། ལོ་རྒྱུས་ལ་དོ་སྣང་གཏན་ནས་མེད་མཁན་ཞིག་ཡིན་ཡང་དེབ་དེ་བཀླག་ན་ཁོར་ཡུག་ཞིབ་འབྲི་དང༌། མི་སྣའི་རྣམ་འགྱུར། སྐད་ཆའི་གོ་རིམ་སོགས་སྒྱུ་རྩལ་གྱི་བྲོ་བ་ཆེས་ཆེར་ལྡན་པའི་བརྩམས་སྒྲུང་ལྟ་བུའི་བྲོ་བའང་ལྡན་ཡོད།

དེབ་ཀྱི་དཀར་ཆག[རྩོམ་སྒྲིག]

ནང་དོན་མདོར་བསྡུས།[རྩོམ་སྒྲིག]