དངུལ་ཆུ་དྷརྨ་བྷ་དྲ་

ཡོང་ཁུངས་Wikipedia

དངུལ་ཆུ་དྷརྨ་བྷ་དྲ།[རྩོམ་སྒྲིག]

དངུལ་ཆུ་དྷརྨ་བྷ་དྲའམ་བླ་མ་ཆོས་བཟང་མཆོག་ནི་གཙང་གཡས་རུའི་ཆ་རོང་སྟོད་ཕྱུག་མོའི་ ཡུལ་དུ་ཡབ་བཀྲ་ཤིས་དཔལ་འབྱོར་དང་ཡུམ་མཁའ་འགྲོ་དཔལ་སྐྱིད་གཉིས་ཀྱི་སྲས་སུ་རབ་ བྱུང་བཅུ་གསུམ་པའི་ཆུ་འབྲུག ( ༡༧༧༢ )ལོར་སྐུ་འཁྲུངས། དགུང་ལོ་བཅུ་གཅིག་པར་སྐུ་ཞང་ རྒན་པོ་ལྟ་བུ་ཞེས་པ་ལས་ཡི་གེ་འབྲི་ཀློག་སྦྱོང་བའི་དབུ་བརྩམས། ཁྱིམ་ཚང་ཤིན་ཏུ་དབུལ་ པོ་ཡིན་པས་ར་ལུག་འཚོ་རྫིའི་ཞོར་རྡོ་ལེབ་ངོས་འཇམ་དང་ས་གཞི་ངོས་སྙོམས་སོགས་ལ་ཡི་གེ་ འབྲི་སྦྱོང་གིས་འཛུབ་རྩེ་ཐེངས་མང་བརྡོལ་ཀྱང་ཇི་མི་སྙམ་པར་རྒྱུན་འཁྱོངས་མཛད་དེ་ཡུན་མི་རིང་བར་དབུ་ཆེན་དབུ་ཆུང་འབྲི་ཀློག་ལ་ཐོགས་པ་མེད་པར་གྱུར། དགུང་ལོ་བཅུ་བཞི་པ་ རབ་བྱུངབཅུ་གསུམ་པའི་ཤིང་སྦྲུལ(༡༧༨༥ ) ལོར་བཀྲ་ཤིས་དགེ་འཕེལ་གླིང་དུ་ཕེབས་ནས་སློབ་ དཔོན་བློ་བཟང་རྒྱལ་མཚན་གྱི་སྐུ་དྲུང་དུ་དབུ་སྐྲའི་གཙུག་ཕུད་འབུལ་བཞེས་ཀྱིས་གྲྭ་བཙུན་ མཛད། མཚན་བློ་བཟང་ཚེ་རིང་ཞེས་གསོལ། ལོ་དེར་མཁས་ཆེན་ངག་དབང་རྡོ་རྗེའི་ དྲུང་དུ་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་རིམ་བཞིན་བཞེས། སྐབས་དེར་སྐུ་ཆས་ཤིན་ཏུ་ ཞན་མོད་ཚོགས་པ་ནས་འགྱེད་ཆུང་རེ་རྙེད་ནའང་དཔེ་ཆ་བླུ་བ་སོགས་མཛད་ནས་རང་གི་ འཚོ་བ་ངན་ངོན་ཁོ་ནར་བསྟེན། དགུང་ལོ་བཅོ་བརྒྱད་ཐོག་གཅེན་པོ་རྟ་མགྲིན་དབང་རྒྱལ་ དུས་ལས་འདས་པ་དང་། བཅུ་དགུ་པའི་ཐོག་མ་ཡུམ་དང་སྲུ་མོ་གཉིས་ཀྱང་སྔ་རྟིང་དུ་ འདས་པས་ཐུགས་སྐྱོ་ཚད་མེད་འཁྲུངས་ཏེ་དབེན་གནས་དངུལ་ཆུ་རི་ཁྲོད་དུ་ཕེབས་ནས་སྒྲུབ་ པ་ཉམས་ལེན་མཛད། ལོ་དེར་སློབ་དཔོན་ཡེ་ཤེས་དཔལ་གྲུབ་ཀྱི་དྲུང་ནས་དགེ་སློང་གི་ སྡོམ་པ་མནོས། དགུང་ལོ་ཉེར་གཅིག་པར་བློ་བཟང་སྐལ་བཟང་ཆོས་རྒྱལ་སློབ་དཔོན་དུ་ བསྟེན་ནས་བཀའ་ཆོས་མང་དུ་གསན། དགུང་ལོ་ཉེར་གཉིས་ནས་སོ་གཉིས་པར་ལོ་ངོ་ བཅུའི་རིང་བཀྲས་ལྷུན་དགོན་དུ་ཐེངས་མང་ཕེབས་ཏེ་འབྲོང་རྩེ་བློ་བཟང་ཚུལ་ཁྲིམས། གུ་གེ་ཡོངས་འཛིན་བློ་བཟང་བསྟན་འཛིན། གྲུབ་དབང་སྐལ་བཟང་ཆོས་རྒྱལ་སོགས་སློབ་ དཔོན་མཁས་ཆེན་མང་པོ་ལས་ཟབ་ཆོས་དུ་མ་གསན། ཁྱད་པར་དུ་རྗེ་དྲུང་བློ་བཟང་དགེ་ འདུན་གྱི་སྐུ་དྲུང་དུ་སྒྲ་དང་། སྙན་ངག སུམ་རྟགས། མངོན་བརྗོད། སྡེབ་སྦྱོར་ལེགས་ པར་གསན་སྦྱོང་མཛད། མཁས་གྲུབ་ཀྱི་གྲགས་པ་ཀུན་ཏུ་ཁྱབ་པར་གྱུར། དགུང་ལོ་སོ་ལྔ་ ནས་སྒྲུབ་པ་ཉམས་ལེན་གཙོ་བོར་མཛད། དེ་ནས་བཟུང་དགུང་ལོ་བརྒྱད་ཅུའི་བར་གྲུ་ འཛིན་དུ་འཆད་ཉན་མཛད་པར་ཐེངས་འགའ་ཕེབས་པ་མ་གཏོགས་དུ་ཕལ་ཆེ་བར་དངུལ་ ཆུའི་རི་ཁྲོད་དུ་སྒྲུབ་པ་ཁོ་ནས་དུས་འདའ་བར་མཛད། སྐུ་ཚེ་ཧྲིལ་པོ་བསྟན་འགྲོའི་དོན་ འབའ་ཞིག་ལ་གཞོལ་ནས། སློབ་མ་མཁན་ཆེན་ངག་དབང་སྙན་གྲགས་དང་། རི་སྦུག་སྤྲུལ་ སྐུ་བློ་གསལ་བསྟན་སྐྱོང་། བདེ་ཆེན་སྤྲུལ་སྐུ་བློ་བཟང་ཚུལ་ཁྲིམས་སོགས་སྐྱེས་ཆེན་དམ་པ་ མང་དུ་བྱུང་། བཀའ་ཆོས་ཀྱང་མང་དག་མཛད་པ་སྟེ། << འཇིགས་བྱེད་བཅུ་གསུམ་མའི་ བསྙེན་ཡིག་མཁས་གྲུབ་དགོངས་འདུས >> << གྲུབ་རྒྱལ་ལུགས་ཀྱི་ཚེ་དཔག་མེད་ལྷ་གཅིག་ གི་དབང་སྐུར་ཚུལ >> << སྨྱུང་གནས་ཀྱི་ཆོ་ག་བསྡུས་པའི་ཁྲིད་ཡིག་གྲུབ་བརྙེས་དཔལ་ མོའི་དགོངས་རྒྱན >> << དཔལ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་དག་བྱེད་བདུད་རྩིའི་བུམ་ བཟང >> << རྟེན་འབྲེལ་བསྟོད་པའི་ཚིག་དོན་ཉུང་ངུར་བཀྲོལ་བ་ཟབ་དོན་ལྟ་བའི་འདྲེན་ བྱེད >> << ཡི་དམ་སྒྲུབ་ཐབས་ཀྱི་རིམ་པ་ཕྱོགས་གཅིག་ཏུ་བསྒྲིགས་པ >> << མངོན་ བརྗོད་ཀྱི་བསྟན་བཅོས་རྒྱ་མཚོའི་ཆུ་ཐིགས >> << གྲངས་ཀྱི་མངོན་བརྗོད་ཀྱི་རྣམ་བཤད >> << སྙན་ངག་མེ་ལོང་གི་ནང་ནས་གབ་ཚིག་གི་སྙན་ངག་ལོགས་སུ་བཀོལ་ཏེ་བཤད་པ >> << ཡིག་བསྐུར་རྣམ་བཞག་མདོན་བསྡུས >> << བློ་སྦྱོང་དོན་བདུན་མའི་ཟིན་བྲིས་རྒྱལ་ སྲས་སྙིང་ནོར >> སོགས་པོ་ཏི་བཅུ་ཙམ་བཞུགས། དགུང་གྲངས་བརྒྱད་ཅུ་ལ་ཕེབས་པ་རབ་ བྱུང་བཅུ་བཞི་པའི་ལྕགས་ཕག (༡༨༥༡ ) ལོར་དངུལ་ཆུ་རི་ཁྲོད་དུ་དགོངས་པ་ཆོས་དབྱིངས་སུ་ ཐིམ།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།