ངག་དབང་ཐུབ་བསྟན་རྒྱ་མཚོ་
ངག་དབང་ཐུབ་བསྟན་རྒྱ་མཚོ།
[རྩོམ་སྒྲིག]རྗེ་འདི་ནི་མདོ་སྨད་རྨ་ཆུ་ལྷོ་རྒྱུད་དུ་ཁ་གྱའི་རུས་ཉང་འབན་ཁྱིམ་ཚང་དུ་ཡབ་དགོན་པོ་དོན་གྲུབ་དང་ཡུམ་སྒྲོལ་མ་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་མེ་སྤྲེལ་(༡༨༣༦)ལོར་འཁྲུངས། མཚན་འཇམ་དབྱངས་བསྟན་འཛིན་དུ་གསོལ། དགུང་ལོ་བདུན་ལ་བཀྲ་ཤིས་འཁྱིལ་གདན་སར་ཆོས་ཞུགས་མཛད། སྐྱབས་མགོན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་དྲུང་དུ་རབ་བྱུང་བསྒྲུབས། མཚན་ངག་དབང་ཐུབ་བསྟན་རྒྱ་མཚོར་གསོལ། དགུང་ལོ་བཅུ་གཅིག་ལ་འཇམ་དབྱངས་ཐུབ་བསྟན་ཉི་མ་ས་ནས་ཆོས་གསན། རྗེ་ཤེས་རབ་རྒྱ་མཚོ་ཡོངས་འཛིན་དུ་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔ་གསན་བཞེས་མཛད། དགུང་ལོ་བཅུ་དྲུག་ལ་ཕར་ཕྱིན་མཐའ་དཔྱོད་དང་པོ་དང་། གཉིས་པ། རྟེན་འབྲེལ། ཀུན་གཞི་སོགས་ཐུགས་འཛིན་མཛད། དགུང་ལོ་བཅུ་བདུན་ལ་དྲང་ངེས་དཀའ་འགྲེལ་དང་། གྲུབ་མཐའ་སོགས་ཐུགས་འཛིན་གནང་། དགུང་ལོ་ཉི་ཤུ་ལ་སྐྱབས་མགོན་མཆོག་གི་དྲུང་དུ་བསྙེན་རྫོགས་བསྒྲུབས། དགུང་ལོ་ཉི་ཤུ་རྩ་དྲུག་ལ་དཀའ་རམས་འཛིན་གྲྭར་ཕེབས།དེའི་ཕྱི་ལོར་དཀའ་རམས་པའི་གྲྭ་སྐོར་དམ་བཅའ་མཛད། དགུང་ལོ་བཞི་བཅུ་པར་རྒྱ་ནག་པེ་ཅིན་ཕེབས། སྟོང་འཁོར་སྤྲུལ་སྐུ་དང་། ཁྲི་རྒྱ་ནག་པའི་སྤྲུལ་སྐུ་རྣམ་གཉིས་མཇལ། དགུང་ལོ་བཞི་བཅུ་ཞེ་བཞི་ལ་དབུས་སུ་ཕེབས་ནས་སེ་འབྲས་དགའ་གསུམ་ལ་སྙེ་བཀུར་ཞུས། རྒྱལ་དབང་ཐུབ་བསྟན་རྒྱ་མཚོ་དང་ཁྲི་རིན་པོ་ཆེ་ངག་དབང་ནོར་བུ་གཉིས་ལ་མཇལ་ཁ་ཞུས། སྣར་ཐང་བསྟན་འགྱུར་ཆ་ཚང་བླུ་ཡོན་ཞུས་ཏེ་རང་དགོན་དུ་གདན་དྲངས། དགུང་ལོ་ཞེ་དྲུག་ལོར་གསང་སྔགས་དར་རྒྱས་གླིང་གི་ཁྲི་པ་མཛད། ཕྱག་རྩོམ《དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་ལམ་རིམ་གཉིས་དང་འབྲེལ་བའི་སྨོན་ལམ་གྱི་རྒྱ་ཆེར་འགྲེལ་པ་གསང་གསུམ་རྒྱན་གྱི་སྣང་བ》《མི་ཏྲའི་དབང་གི་ཕྱག་ལེན་གསལ་བར་བཀོད་པ་གསང་ཆེན་བདུད་རྩིའི་སྒོ་འབྱེད》《འཇམ་ཆོག་བྱིན་རླབས་བདུད་རྩི་འཛགས་པའི་ཟླ་ཤེལ》སོགས་པོད་འབྲིང་བཞི་ཙམ་མཛད། དགུང་ལོ་བཞི་པ་རབ་བྱུང་བཅོ་ལྔ་པའི་ས་གླང་(༡༨༨༩)ལོར་གཤེགས།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།