གསང་སྔགས་རྙིང་མ་

ཡོང་ཁུངས་Wikipedia

བོད་དུ་སངས་རྒྱས་ཆོས་ལུགས་ཀྱི་གསང་སྔགས་ཐོག་མར་དར་བ་ནི་རྙིང་མའི་ཆོས་ལུགས་ཡིན་། དུས་རབས་བརྒྱད་པའི་དཀྱིལ་དུ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་སྲིད་དབང་བཟུང་སྐབས་སློབ་དཔོན་པདྨ་འབྱུང་གནས་བོད་དུ་གདན་དྲངས་ཏེ་། རྒྱལ་པོ་དང་། བློན་པོ་། འབངས་བཅས་ཉུང་ཤས་ག་གསང་སྔགས་ཀྱི་ཆོས་མང་པོ་གསུངས་པས་སློབ་མ་གྲུབ་ཐོབ་རྗེ་འབངས་ཉེར་ལྔ་ཟེར་བ་བྱུང་། གཞན་ཡང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སྔགས་འཆང་ངྷརྨ་ཀིརྟི་དང་། པཎ་ཆེན་བི་མ་ལ་མི་ཏྲ་སོགས་རྒྱ་གར་གྱི་པཎྜ་ཏ་མང་པོ་བོད་དུ་བྱོན་ནས་གསང་སྔགས་ཀྱི་ཆོས་མང་པོ་བོད་སྐད་དུ་བསྒྱུར་། དེ་རྗེས་བོད་སིལ་བུའི་དུས་འགོར་རབ་བྱུང་གི་སྡེ་མེད་པར་གྱུར་ཀྱང་། གསང་་སྔགས་ཀྱི་ཆོས་ནི་སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས་ལོ་བརྒྱ་དང་བཅུ་གསུམ་རིང་བཞུགས་ནས་གསང་སྔགས་དགོངས་སདུས་ཀྱི་སྐོར་དར་སྤེལ་མཛད་། དེ་རྗེས་ཟུར་ཆེན་ཟུར་ཆུང་སོགས་ཀྱིས་གསང་སྔགས་ཀྱི་བསྟན་པ་དར་རྒྱས་སུ་མཛད་། གསང་སྔགས་རྙིང་མའི་སྐོར་ལ་བརྒྱུད་པ་མི་འདྲ་བའི་སྒོ་ནས་ཕྱེ་ན་གསུམ་ཡོད་། རིང་བརྒྱུད་བཀའ་མ་། ཉེ་བརྒྱུད་གཏེར་མ་། ཟབ་མོ་དག་སྣང་གི་བརྒྱུད་པ་བཅས་དང་། ༡.རིང་བརྒྱུད་བཀའ་མ་ནི་། པཎ་ཆེན་བི་མ་ལ་མི་ཏྲ་(སྔ་མ་)ཞེས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བོད་དུ་བྱོན་པ་དེས་རྨ་རིན་ཆེན་མཆོག་དང་། གཉགས་ཛྙ་ན་ཀུ་མ་ར་གཉིས་ལ་སྒྱུ་འཕྲུལ་གསང་བ་སྙིང་པོའི་སྐོར་གསུངས་ཤིང་དེ་ནས་བརྒྱུད་པའི་སློབ་མ་མང་དུ་བྱུང་ནས་གཙང་སྟོད་མང་མགར་དང་། ལ་སྟོད་ལྷོ་བྱང་། འབྲི་ཆུ་འབབ་ཡུལ་གྱི་བརྒྱུད་། སྤོ་འབོར་སྒང་གི་ས་ཆ་རྣམས་སུ་དར་སྤེལ་བྱུང་། ཡང་སློབ་དཔོན་ངྷ་ན་རཀྵི་ཏས་བལ་པོ་ངྷརྨ་བོ་ངྷི་རྩ་རྒྱུད་དང་། བཤད་རྒྱུད་སོགས་གསུངས་། བྲུ་ཤའི་ཡུལ་དུ་ཕྲོམ་རུ་ཆེ་བཙན་སྐྱེས་ལ་གསུངས་ནས་བོད་སྐད་དུ་བསྒྱུར་བ་ལས་དར་སྤེལ་བྱུང་། ཡང་གཉགས་ངྷ་ན་ཀུ་མ་རས་གོ་ཙཱ་བ་བེེ་རོ་ཙཱ་ན་དང་གཡུ་སྒྲ་སྙིང་པོ་གཉིས་ལ་རྫོགས་པ་ཆེན་པོ་སེམས་ཕྱོགས་སུ་གྲགས་པ་ཞུས་། དེ་ནས་རིམ་པར་འཕེལ་བ་ལ་ཕྱོགས་ཟེར་། ཡང་ལོ་ཙཱ་བ་བེེ་ཙཱ་ནས་དབང་མི་ཕམ་མགོན་པོ་ལ་དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་ལ་སོགས་པ་རྡོ་རྗེ་ཟམ་པའི་མན་ངག་གི་སྐོར་གསུངས་ཤིང་། དེ་ལས་བརྒྱུད་པའི་ཆོས་བརྒྱུད་ལ་ཀློང་སྡེ་ཟེར་། ཡང་སློབ་དཔོན་བི་མ་ལ་མི་ཏྲ་སྔོན་མས་རྒྱས་པོ་ཁྲི་སྲོང་ལྡེ་བཙན་དང་མྱང་ཏིང་འཛིན་བཟང་པོ་གཉིས་ལ་《རྫོགས་པ་ཆེན་པོ་སྙིང་ཏིག་》གི་སྐོར་གསུངས་པ་ལས་རྗེས་སུ་ཀུན་མཁྱེན་ཀློང་ཆེན་གྱིས་དར་སྤེལ་གནང་བའི་ཆོས་བརྒྱུད་ལ་ཀློང་ཆེན་སྙིང་ཏིག་ཟེར་། ཡང་སློབ་དཔོན་དགའ་རབ་རྡོ་རྗེས་རིག་འཛིན་ཤྲི་སིང་ཧཱ་ལ་《མཁས་འགྲོ་སྙིང་ཏིག་》གི་སྐོར་གསུངས་པ་ལས་། སྙིང་ཏིག་རིགས་མི་འདྲ་བ་གཞན་ཞིག་བྱུང་བར་བཤད་། ༡ ཉེ་བརྒྱུད་གཏེར་མ་། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་སོགས་པའི་ཚད་ལྡན་གྱི་སྐྱེས་བུ་དམ་པ་འགའ་ཞིག་གིས་ཆོས་དཔེ་ཁག་གཅིག་རི་དང་འདོན་དགོས་པ་དང་། འདོན་རན་པའི་དུས་རྟགས་། གཏེར་དེ་འདོན་པ་པོའི་མིང་རུས་སྐྱེ་ཡུལ་། ལོ་རྟོགས་། ལུས་ཀྱི་ཤ་རྟགས་སོགས་གསལ་བར་འཁོར་པའི་གཏེར་གྱི་ཁ་བྱང་བཏབ་། རྗེས་སུ་གཏེར་དེ་འདོན་པའི་གནས་དུས་གང་ཟག་སོགས་ཆ་རྐྱེན་ཐམས་ཅད་འཛོམས་པ་ན་གཏེར་དེ་བཏོན་ནས་སློབ་མ་མང་པོར་སྤེལ་བ་ལ་གཏེར་ཆོས་ཟེར་ཞིང་། གཏེར་དེ་འདོམ་པ་པོའི་བླ་མ་དེ་ལ་གཏེར་སྟོན་ཟེར་། གཏེར་སྟོན་ལ་ཡང་ངོ་མ་དང་བརྫུས་མ་གཉིས་ཡོད་ཅིང་སློབ་དཔོན་པདྨའི་ལུང་གིས་དངོས་སུ་ཟིན་པ་དང་མ་ཟིན་པ་བསྟོམས་པའི་གཏེར་སྟོན་བརྒྱ་ལྷག་ཙན་ཡོད་པ་སྟེ་ཏཱ་ལའི་བླ་མ་སྐུ་ཕྲིང་ལྔ་པའ་མཛད་པའི་《བྱང་བདག་རིག་འཛིན་ངག་གི་དབང་པོའི་རྣམ་ཐར་》ལས་གཏེར་སྟོན་བརྒྱ་དང་བཅུ་བདུན་གྱི་མཚན་ཐོ་ཙམ་གསལ་ཞིང་། གཏེར་སྟོན་སོ་སོའི་རྣམ་ཐར་ཞིབ་པ་རིན་ཆེན་གཏེར་མཛོད་ཀྱི་པོད་དང་པོའི་ནང་ཡོད་། ༣.ཟབ་མོ་དག་སྣང་གི་བརྒྱད་པ་། བླ་མ་འགའ་ཞིག་ལ་དག་པའི་སྣང་བར་རང་ཉིད་ཀྱི་བླ་མ་དང་ཡི་དམ་དངོས་སུ་མཇལ་ནས་དེས་གསུངས་པའི་ཆོས་རྣམས་གསང་བའི་སྒོ་ནས་སློབ་མ་ཉུང་ཤས་ལ་དར་སྤེལ་གནང་བ་དེར་ཟེར་། རྙིང་མའི་ཆོས་ལུགས་སྐོར་ཞིབ་པར་ཐུབ་བསྟན་འོད་གསལ་བསྟན་པའི་ཇི་མས་མཛད་པའི་《གསང་ཆེན་སྔ་འགྱུར་ངེས་དོན་ཟབ་མོའི་ཆོས་འབྱུང་》དང་། 《ཐུའུ་བཀཱན་གྲུབ་མཐའ་》ལེ་ཚན་གཇིས་པ་བཅས་སུ་གཟིགས་།
དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།