Jump to content

ཁྲི་རལ་པ་ཅན།

ཡོང་ཁུངས་Wikipedia

ཁྲི་རལ་པ་ཅན་ནི་བོད་ཀྱི་བཙན་པོ་ཞིག་རེད། ཁོང་གིས་སྤྱི་ལོ་༨༡༥ནས་༨༤༡བར་དབང་བསྒྱུར་བྱས་པ་རེད།

མི་ཚེ།

[རྩོམ་སྒྲིག]

ཁྲི་རལ་བ་ཅན།



         དེ་ནས་བཙན་པོ་ལའང་གློ་བུར་བའི་ཟས་དུག་ཅིག་ཕོག་ནས་དྲག་བསྐྱེད་མ་བྱུང་པར། སྲས་ཆེ་བ་རལ་བ་ཅན་ལ་ཆོས་སྲིད་ཀྱི་ཞལ་ཆེམས་གནང་ནས་སྐུ་གཤེགས། གོང་མའི་དམག་དཔོན་ཝུའུ་ཁྲུང་ཆི་འདས་མཆོད་ལ་ཕེབས།
         ལོ་མཇུག་དེར། ཆོས་བློན་བྲན་ཁ་དཔལ་དང༌། ཕྱི་བློན་སྦ་མང་རྗེ་ལྷ་ལོད་གཙོས་བློན་ཆེན་ཚོས་དགུང་ན་བཅུ་གཉིས་ལ་སོན་པའི་སྲས་ཆེ་བ་རལ་བ་ཅན་རྒྱལ་ཁྲིར་བཀོད་དེ། མཚན་ལ་ཁྲི་གཙུག་ལྡེ་བཙན་ཞེས་གསོལ།
         ཁོང་གིས། ལྷ་ཁང་གསར་བཞེངས་དང༌། འབངས་བདེ་ལ་འགོད་པ། གནོད་པའི་དགྲ་ལ་དམག་རྒྱག་པ་བཅས་ནི་ཡབ་མེས་དག་གི་མཛད་སྲོལ་ཡིན། ངས་འདི་གསུམ་ཆ་དུས་གཅིག་ལ་བྱེད་དོ། ཞེས་གསུངས།
         ༨༡༨ ལོའི་ལོ་གསར་སྐབས། ཡུམ་འབྲོ་བཟའ་ཁྲི་མ་ལེགས་ལ་སྲས་དར་མ་འུ་དུམ་བཙན་པོ་འཁྲུངས་པས། གཅེན་རལ་བ་ཅན་དང་གཙང་མ་གཉིས་རབ་ཏུ་དགྱེས་ཏེ་བཙས་སྟོན་བཤམས།
         དེ་ནས་ཁྲི་རལ་ན་རེ། ལྷ་ས་མཁར་དང་འདྲ། བསམ་ཡས་གྲོང་དང་འདྲ། ངའི་ལྷ་ཁང་རྣམ་དག་ཅིག་བྱེད་དོ། ཞེས་རྒྱ་དཀར་ནག་སོགས་ལ་ཆེད་ལས་ལག་རྩལ་པ་གདན་འདྲེན་དུ་བཏང༌།
         ལྷག་པར་ལི་ཡུལ་གྱི་རྒྱལ་པོར་བཀའ་ཡིག་གནང་ནས། ལི་དཔྱོད་པའི་རྒྱལ་པོ་སོགས་རྡོ་བཟོ་མཁས་ཆེན་གསུམ་གདན་དྲངས་ཏེ། ཐུགས་དམ་གྱི་ལྷ་ཁང་བཞེངས་པའི་དབུ་བརྩམས།
         ལོ་དེར་ད་དུང་བློན་ཆེན་ཞང་ཞ་བཙན་དང༌། ཞང་ཙི། ཨན་མོ་བཅས་ཀྱིས་རྒྱ་ཤ་ཇོའི་ཡུལ་ལ་རྟ་དམག་འབོར་ཆེན་དྲངས་ཏེ་དབང་དུབསྡུས།
         ༨༡༩ ལོར་སླར་ཡང་བོད་དམག་ཆིག་འབུམ་ལྔ་ཁྲི་དྲངས་ཏེ། ཡན་ཀྲོའུ་གྲོང་ཁྱེར་བསྐོར་ནས་རྡོ་སྒྱོགས་མང་པོ་འཕངས་ཏེ་ལྕགས་རི་མང་པོ་བཤིགས་ཏེ་ཟླ་གཅིག་ཙམ་ལ་འཐབ་མཐར་ཕམ་ཁ་ཆེན་པོ་བྱུང༌།
         ༨༢༠ ལོར། བོད་དམག་གིས་ཅིན་ཀྲའུ་ལ་དམག་བརྒྱབ་པར་ཐང་གི་དཔུང་དམག་རྒྱ་ཆེན་བསྣན་པས་སླར་ཡང་བོད་དམག་ཕམ་ནས་ཕྱིར་འཐེན་བྱེད་དགོས་བྱུང༌།
         བཙན་པོ་ཁྲི་རལ་བ་དང་ཆོས་བློན་ཆེན་པོ་རྣམས་ནི་རྒྱལ་ཁམས་ཚང་མ་ཕན་ཚུན་དམག་འཁྲུག་མེད་ཅིང་རྒྱལ་སྲིད་ཆོས་བཞིན་སྐྱོང་འདོད་ཤུགས་ཆེ་བས། རྒྱ་བོད་དམག་འཁྲུག་ཐུགས་ཁྲལ་ཆེན་པོ་གནང༌།
         ༨༢༡ ལོར་རྒྱ་དང་ཧོར་གཉིས་བར་ལ་ཞི་མཐུན་གྱི་ཆིངས་ཡིག་གསར་འཇོག་བྱས་ཚུལ་ཐོས་ཏེ། བོད་ཀྱི་རྒྱལ་བློན་ཚོས་ཀྱང་དེ་ལུགས་ལེགས་ཚུལ་གྱི་བཀའ་གྲོས་གནང་ནས་བློན་ན་ལོད་སོགས་ཕོ་ཉར་བཏང༌།
         འོན་ཀྱང་གཡུལ་སའི་བློན་པོ་དང་དམག་དཔོན་ཚོ་ཕམ་ཁ་འཁུར་བཞིན་ཕར་ལ་འདུམ་བྱེད་པར་ངོ་ཚ་ནས། ཐོག་མར་ཆིན་སའེ་པའོ་ལ་དམག་དཔུང་དྲངས་ཏེ་རྒྱལ་ཁ་ཆེན་པོ་བླངས།
         དེ་ནས་བློན་ཞང་ཁྲི་ཐོག་ཀྱང་ན་ལོད་ལྷན་དུ་གོང་མ་གསར་པ་ཐང་མུའུ་ཙུང་སར་བཅར་ནས་མནའ་སྐྱེལ་ཞུ་འདུམ་གྱི་བཀའ་ཡིག་ཕུལ་བར་གོང་མའང་མཉེས་ཏེ་ལིག་ཡོན་ཏཱིན་བོད་ལ་ཕོ་ཉར་བཏང༌།
         དེ་ནས་བོད་ཀྱི་བློན་ཆེན་ན་ལོད་སོགས་དང་རྒྱའི་བློན་ཆེན་ཧན་ཀའོ་སོགས་ཁྲང་ཨན་མཁར་དུ་མཇལ་འཛོམས་ཀྱིས་ས་མཚམས་ཐག་གཅོད་དང་མནའ་ཡིག་གི་ནང་དོན་བཅས་ལ་གྲོས་འཆམ་བྱུང༌།
         ལོ་དེའི་ཟླ་་བཅུ་ཚེས་བཅུ་ལ་རྒྱ་ནག་ཀེང་ཤེའི་ནུབ་ཕྱོགས་ཤིག་སང་སིའི་དྲུང་དུ་ཐང་གི་གོང་མ་དང་བཅས་པའི་བློན་ཆེན་ཚོས་རྒྱ་ལུགས་ཀྱིམནའ་སྐྱེལ་དམ་བཅའ་ལྟར་མནའ་འཇོག་གིས་རྡོ་རིང་བཞེངས་འགོ་བརྩམས།
         ༨༢༢ ལོའི་དབྱར་ཁར་སྐུ་ཚབ་རྣམ་པ་བོད་ཀྱི་རྒྱལ་ས་ལྷ་སར་འབྱོར་ཞིང༌། དེར་བོད་ཀྱི་རྒྱལ་པས་གཙོས་བློན་ཆེན་ཚོས་བོད་སྲོལ་ལྟར་མནའ་བསྐྱལ་ནས་རྡོ་རིང་བཞེངས་པར་དབོན་ཞང་རྡོ་རིང་ཞེས་གྲགས།
         ཕྱི་ལོར་རྡོ་རིང་བཞེངས་གྲུབ་ནས། བོད་ཟླ་གཉིས་པའི་་ཚེས་བཅུར་རྡོ་རིང་ངོས་ལ་རྒྱ་བོད་ཤན་སྦྱར་གྱིས་བོད་རྒྱའི་བཙན་པོ་གཉིས་ཀྱི་མཚན་དང་བོད་རྒྱ་སོ་སོའི་ཆེ་བའི་ཡོན་ཏན་དང་བཅས་མནའ་ཡིག་རྒྱས་པར་བྲིས།
         མནའ་ཡིག་གི་དོན་གཙོ་བོ། དེ་དུས་ཀྱི་རྒྱལ་མཚམས་ཙང་ཀུན་ཡོག་གི་ཡས་མས་ནས་ཕན་ཚུན་ནམ་ཡང་མི་བརྒལ་ཞིང་དམག་མི་རྒྱག་པར་ཞི་བདེ་མཉམ་གནས་ཡོང་བའི་ཆབ་སྲིད་ཀྱི་གྲོས་ཁ་གཅིག་ཏུ་མཐུན་ཚུལ་སྐོར་ཡིན།
         དུས་དེ་ཙམ་ཞིག་ནས་བཙན་པོའི་ཐུགས་དམ་གྱི་ལྷ་ཁང་འུ་ཤིང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་ཞེས་པ་ཐོག་རྩེག་དགུ་ཅན་ཞིག་བཞེངས་གྲུབ་ནས་ཆོས་ཀྱི་དགའ་སྟོན་བཤམས།
         འོག་མ་གསུམ་རྡོ་ཡིས་བཞེངས་པར་རྗེ་བློན་འཁོར་བཅས་དང༌། བར་ཐོག་གསུམ་སོ་ཕག་གིས་བཞེངས་པར་ལོ་པཎ་རྣམ་པ། སྟེང་ཐོག་གསུམ་ཤིང་གིས་བཞེངས་པར་དཀོན་མཆོག་གི་རྟེན་བཅས་བཞུགས་སུ་གསོལ།
         བོད་ཀྱི་ལོ་ཙཱ་བ་སྐ ཅོག་ཞང་གསུམ་ཐོག་ལ་རྒྱ་གར་གྱི་པཎ་ཆེན་ཛི་ན་མི་ཏྲ་སོགས་སྤྱན་དྲངས་ཏེ། གསུང་རབ་ལྷག་མ་རྣམས་བསྒྱུར་བ་དང༌། རྙིང་པར་ཞུ་དག་དང་སྐད་གསར་བཅད་ཆེན་པོ་གནང༌།
         དགེ་འདུན་པའི་དབུ་གྲལ་ལ་བཞུགས་དུས། དབུའི་ལྕང་ལོ་གཉིས་ཀྱི་སྣེར་དར་ཡུག་རིང་བོ་བཏགས་པ་དགེ་འདུན་པའི་གདན་དུ་འདིང་བ་་སོགས་གུས་བཀུར་བླ་མེད་གནང
         རབ་ཏུ་འབྱུང་མཁན་རེ་ལ་ཡོན་བདག་ཁྱིམ་ཚང་བདུན་རེ་གནང་བས། དགེ་འདུན་པའི་སྡེ་ཧ་ཅང་འཕེལ་ནས། དབུས་གཙང་ཁམས་གསུམ་དུ་བཤད་གྲྭ་དང་སྒོམ་གྲྭ་སོགས་ཆོས་སྡེ་ཆེན་པོ་སོ་དྲུག་བཙུགས།
         བོད་འབངས་ཡོངས་སུ་དགེ་བཅུའི་ཁྲིམས་རྒྱ་ཆེར་སྤེལ་ཐོག ལྷག་པར་རབ་བྱུང་བ་ལ་བརྙས་བཅོས་དང་བརྩི་འཇོག་མ་གནང་ན་ཁྲིམས་ཆད་གཏོང་བ་སོགས་ཆོས་ཁྲིམས་ཧ་ཅང་དམ་པོ་གནང༌།
         བཙན་པོས་རབ་བྱུང་བར་མཐོང་ཆེན་གནང་ལུགས་དེ་དག་གིས། སྐུ་དྲག་གང་མང་ཞིག་ལ་ཕོག་ཐུག་དང༌། ཆོས་དད་མེད་མཁན་མང་པོ་ཞིག་མ་དགའ་བར་སྤྱི་ཚོགས་ཁྲོད་གླེང་སློང་ཇེ་མང་དུ་གྱུར།
         དེར་བློན་པོ་སྦས་སྟག་སྣ་ཅན་དང༌། ཅོག་རོ་ལྷ་ལོད། ལེགས་སྡུག་བཙན་སོགས་དཔོན་རིགས་ཁག་ཅིག་གིས་ཆོས་རྒྱལ་ལ་ངོ་རྒོལ་དང་ཆོས་དང་ཆོས་ཁྲིམས་གཏོར་དགོས་པའི་གསང་གྲོས་གནང༌།
         སྦས་སྟག་སྣས། ཐོག་མར་བཙན་པོ་མ་བཀྲོངས་ན་ཆོས་དང་ཆོས་ཁྲིམས་བཤིག་ཐབས་མེད། ཅེས་བཤད།
         ལེགས་སྡུག་བཙན་གྱིས། ད་བར་དུ་ཆོས་རྒྱལ་འགའ་ཞིག་བཀྲོངས་པ་རེད། འོན་ཀྱང་ཆོས་མེད་པ་བཟོ་རྒྱུ་ཕར་ཞོག ཆོས་ཁྲིམས་ཀྱང་རྩ་གཏོར་ཐུབ་མེད། ཅེས་བཤད།
         ཅོག་རོ་ལྷ་ལོད་ཀྱིས། རེད། ལྷ་སྲས་གཙང་མ། ཆོས་བློན་བྲན་ཁ་དཔལ་དང༌། བཙུན་མོ་ཅོག་རོ་བཟའ་དཔལ་གྱི་ངང་ཚུལ་སོགས་ཀྱང་གསོད་དགོས། དེ་མིན་སྲིད་དབང་མི་ལོན། ཞེས་བཤད།
         སྦས་སྟག་སྣས། རེད། ང་ཚོས་ངེས་པར་སྲིད་དབང་ལོན་ཐབས་ཤིག་བྱེད་དགོས།ཚང་མ་གསོད་མི་ཐུབ། དེ་ལས་གཡོ་ཐབས་འཐེན་ན་བཟང༌། ང་ལ་ཐབས་ཚུལ་ཁ་ཤས་ཤིག་ཡོད་ཅེས་བཤད།
         དེ་ནས། ༨༢༧ ལོའི་ལོ་གསར་ལ་མོ་མ་ཕྱྭ་མཁན་གྲགས་ཅན་ཅིག་ལ་ནོར་གྱིས་བསླུས་ཏེ། ད་ལོར་ལྷ་སྲས་གཙང་མ་རབ་ཏུ་བྱུང་ཞིང་སྒོམ་སྒྲུབ་ལ་མ་ཕེབས་ན་སྐུ་ཚེའི་བར་ཆད་ཆེ་ཚུལ་སོགས་ཞུ་རུ་བཅུག
         དེ་ནས་ལྷ་སྲས་གཙང་མ་རབ་ཏུབྱུང་ཞིང༌། བློན་པོ་དང་ལོ་པཎ་འགས་ཕེབས་སྐྱེལ་གྱིས་མོན་ལ་སྐྱོད་པའི་གྲུ་ལ་བཞུགས་ནས་འབྲལ་ཁར་གཙང་མ་ཐུགས་ཤིན་ཏུ་སྐྱོ་བ་ཞིག་བྱུང་ནས་སྤྱན་ཆབ་བསིལ།
         དེར་ལྷ་སྲས་གཙང་མ་ལྷོ་བྲག་ཁོ་ཐིང་ལ་འབྱོར་བ་དང་སྣ་ནམ་བཟའ་མང་མོ་རྗེས་གསོལ་དུག་དྲངས་ཏེ་བཀྲོངས།
         དེ་ནས་ཅོག་རོ་ལྷ་རོད་ཀྱིས་བན་དེ་བྲན་ཀ་དཔལ་ཡོན་ཏན་དང་བཙུན་མོ་ཅོག་རོ་བཟའ་དཔལ་གྱི་ངང་ཚུལ་གཉིས་ཀྱིས་གསང་བའི་ལུས་འབྲེལ་བྱེད་ཀྱིན་ཡོད་ཚུལ་བཙན་པོའི་སྙན་དུ་ཕྲ་མ་གསོལ།
         བཙན་པོ་ཐུགས་ཡིད་མ་ཆེས་པས། ཡང་ནུབ་ཅིག་བཙུན་མོའི་ཞབས་ཞུ་བ་ཞིག་ནོར་གྱིས་བྲིད་དེ་བཙནུན་མོར་གློ་བུར་སྙུང་གཞི་ཛ་དྲག་ཅིག་བྱུང་བས། བྲན་ཀ་དཔལ་ལམ་སང་ཤོག་ཟེར་ཅེས་སྐད་བཏང༌།
         དེར་ཅོག་རོ་ལྷ་རོད་ཀྱིས་རྒྱལ་པོ་ལ་ཞུས་ཏེ་བཙུན་མོའི་གཟིམ་ཁང་དུ་ཁྲིད་པས་གཟིགས་ནས། ཁོ་གཉིས་ཁྲིམས་ལ་སྦྱོར་ཅེས་བཀའ་ཕབ། དེར་བཙུན་མོ་ཐུགས་རབ་ཏུ་སྐྱོ་ནས་ཕོ་བྲང་རྩེ་ནས་ལྕེབས།
         བྲན་ཁ་དཔལ་གྱིས། གཡོ་ཐབས་ཡིན་པ་ཤེས་ཏེ། རང་ཡང་གསོད་དུ་བཅུག་ན་རྒྱལ་པོའི་སྐུ་སྲོག་ལའང་ཉེན་ཁ་ཆེ་བསམས་ཏེ་བྲོས་ནས་ཐར་ཐབས་བྱས།
         སྦས་སྟག་སྣ་སོགས་ཀྱིས་ཕྱོགས་སོ་སོར་མྱུལ་ཞིབ་པ་བཏང༌། ལེགས་སྡུག་བཙན་གྱིས་སྤྲང་པོ་ཞིག་ལ་བརྫུས་ཏེ་སོང་བས་བྲན་ཀ་དཔལ་ཡང་སྤྲང་པོ་ཞིག་ལ་བརྫུས་ཏེ་འགྲོ་བ་དང་ཐུག ཆོས་བློན་གྱིས་དོ་སྣང་མ་བྱས།
         ཆོས་བློན་གྱིས། ཁྱོད་ས་ཆ་གང་ནས་འོང༌། ག་པར་འགྲོ་མཁན་ཡིན། ཞེས་དྲིས། ལེགས་སྡུག་བཙན་གྱིས། ང་མ་སོང་ས་ཞིག་མེད། རྒྱལ་ཁམས་ཚང་མ་བསྐོར་ནས་འགྲོ་མཁན་ཡིན། ཁྱོད་གང་དུ་འགྲོ་ཞེས་དྲིས།
         ཆོས་བློན་གྱིས། ང་ཡང་ཁྱོད་རང་འདྲ་བོ་ཡིན། གར་འགྲོ་འདི་འགྲོ་མེད། ཅེས་བཤད་དེ་ཁཽ་ལ་དོ་སྣང་མ་བྱས།ལེགས་སྡུག་བཙན་གྱིས་ཞིབ་ལྟ་བྱས་པས་གདོང་དབྱིབས་བྲན་ཁ་དཔལ་དང་འདྲ་བར་མཐོང་ནས་དོགས་པ་ཟོས་ཏེ། ཁྱོད་དབུས་ལ་སོང་ངམ། དེང་སང་བཙན་པོའི་སྲིད་ཅི་འདྲ་འདུག ཅེས་དྲིས།


         ཆོས་བློན་གྱིས། ང་དབུས་ནས་ཡོང་མ་ཐག་ཡིན། སྡིག་བློན་མང་པོས་སྲིད་འཕྲོག་རྩིས་བྱེད་ཀྱིན་འདུག ད་བོད་ཁམས་འཇིག་པའི་དུས་ལ་སླེབས་ཀྱིན་པ་འདྲ། ཞེས་དབུ་གཡུག་གིན་དབུགས་རིང་ཤོར།


         དེར་ལེགས་སྡུག་བཙན་གྱིས་བྲན་ཁ་དཔལ་ཡིན་པ་ཧ་གོ་ནས། སྦས་སྟག་སྣ་དང་ཅོག་རོ་ལྷ་ལོད་ལ་གསང་འཕྲིན་བསྐུར་བས་འཛིན་དམག་གིས་བཟུང༌།


         དེར་ལེགས་སྡུག་གིས། གསོན་པོ་པགས་པ་བཤུ་དགོས་ཟེར། ཅོག་རོ་ལྷ་ལོད་ཀྱིས་གསོན་སྲེག་བྱེད་དགོས་ཟེར་ནས་སྡིགས་མཛུབ་བཙུག


         སྦས་སྟག་སྣས། ཐོག་མར་ཁྲོམ་སྐོར་ལ་ཁྲིད་དེ་ཉེས་པ་བསྒྲགས་ནས། བན་དེ་ཚོ་ངོ་ཚ་བོ་དང་མི་མང་ལ་ཁོང་ཁྲོ་སློང་དགོས། དེ་ནས་དམར་གསོད་གཏང་ཆོག ཅེས་ཁོང་འཛུམ་དང་བཅས་བཤད།


         དེ་ནས་ཐག་པས་བཀྱིགས༌། མགྲིན་པ་བསྒགས་ཏེ་ཁྲོམ་སྐོར་ལ་ཁྲིད་པས། བོན་པོ་དང་ནགས་ཕྱོགས་པ་དག་དགའ་ནས་ཁ་རྡུང་དང་མཆིལ་ཞགས་བཏབ། བན་དེ་དང་ཆོས་དད་ཅན་ཚོ་ངོ་ཚ་དང་ཡིད་ཕམ་གྱིས་ལྟ་ཡང་མ་བཟོད།


         དེར་ཅོག་རོ་ལྷ་ལོད་ཀྱིས། བན་དེར་མཛུབ་མོ་བཙུགས་ན་མཛུབ་མོ་འབྲེག་དགོས་ཟེར་མཁན་ཁྱོད་མིན་ནམ། ད་ཁྱོད་ཀྱི་མཛུབ་མོ་གཅོད་ཀྱིས་ཆུ་གྲི་ཞིག་ཕྱུངས་ཏེ་དུམ་སེ་བཅད།


         དེར་ལེགས་སྡུག་བཙན་གྱིས། གྲྭ་བར་ངན་སྨྲས་ན་ཁ་མཆུ་གཅོད་འཇུག་མཁན་ཡང་ཁྱོད་ཡིན། ད་ཁྱིད་ཀྱི་མཆུ་ཏོ་དེ་གཅོད་ཀྱིས། མ་ཁ་ནས་འཐེན་དེ་གྲི་གུག་གིས་བཅད།


         སྦས་སྟག་སྣས། ད་དུང་མིག་ལོག་བལྟས་ན་མིག་འབྲུ་དགོས་ཟེར་བའི་ཁྲིམས་ཀྱང་ཁྱོད་ཚོས་བཅོས་པ་རེད། ཅེས། དེ་རིང་ཁྱོད་ཀྱི་མིག་འབྲུ་དགོས། ཞེས་ཆུ་གྲི་ཞིག་གིས་སྤྱན་གཅིག་བྲུས།


         འོན་ཀྱང༌། ཆོས་བློན་གྱིས་ལས་ཀྱི་རྣམ་སྨིན་བསམ་ཞིང་བཟོད་པ་བསྒོམས་པས་གདོང་གཤིས་ཙམ་ཡང་མ་འགྱུར་བར་བཞུགས། དེར་སྣེ་ཐང་དུ་མེ་དཔུང་ཆེན་པོ་སྦར་ནས་གསོན་པོར་བསྲེགས།


         དེ་ནས། སྦས་སྟག་སྣ་དང༌། ཅོག་རོ་ལྷ་ལོད་གཉིས་བཙན་པོའི་དྲུང་ལ་བཅར་ནས། ཐུགས་གསོའི་ཁ་ཡག་དང་གདུང་སེམས་མཉམ་སྐྱེའི་རྣམ་པ་ཅི་ཡང་བསྟན་ནས། རྒྱལ་པོ་དང་ལྷན་དུ་སྐྱོ་ཆང་བཞེས།


         མཚན་མོར་འོང་ནས། བཙན་པོ་འབྲས་ཆང་གིས་བཟི་ནས་མལ་ཁྲིར་གཟིམས་པ་དང༌། བློན་པོ་གཉིས་ཀྱིས་རྒྱལ་པོའི་ཞལ་ལྟག་ལ་བསྐོར་ནས་མགྲིན་གཅུས་ཏེ་བཀྲོངས།


         ཕྱི་ཉིན། སྦས་སྟག་སྣ་སོགས་ཀྱིས་བཙན་པོས་སྐྱོ་ཆང་བཞེས་དྲགས་ཏེ། སྙུང་གཞི་དྲག་ཏུ་འཕར་ནས་སྐུ་སྲོག་ཤོར་འདུག་ཅེས་པའི་རྫུན་གཏམ་བསྒྲགས་ཤིང༌། མྱ་ངན་འདས་མཆོད་བསྒྲུབས་པའི་ཚུལ་བསྟན།།

སྒྲུང་།

[རྩོམ་སྒྲིག]

ཆོས་ལུགས།

[རྩོམ་སྒྲིག]

པར་རིས་བར་འཁྱམས།

[རྩོམ་སྒྲིག]

ཟིན་ཐོ་འམ་དཔྱད་གཞི།

[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག།

[རྩོམ་སྒྲིག]

ད་དུང་གཟིགས།

[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།

[རྩོམ་སྒྲིག]
སྔོན་མ།
སད་ན་ལེགས།
བོད་ཀྱི་བཙན།
༨༡༥-༨༤༡
རྗེས་ལ།
གླང་དར་མ།