ཁྱིམ་ཞག་

ཡོང་ཁུངས་Wikipedia
གནས་སྤོ། དཀར་ཆག, འཚོལ།

གནམ་གྱི་གོ་ལའི་ཐོག་གི་ཁྱིམ་བཅུ་གཉིས་ལ་ཉི་མས་གཡོན་བསྐོར་དུ་འཁོར་བའི་བསྐོར་བ་གཅིག་རྫོགས་པའི་ཡུན་ལ་ཆ་སུམ་བརྒྱ་དྲུག་ཅུར་ཕྱེ་བའི་ཆ་གཅིག་ལ་ཁྱིམ་ཞག་ཅེས་ཟེར་ཞིང༌། དེའི་ཡུན་ཆད་ལ་དུས་འཁོར་སྐར་རྩིས་པའི་ལུགས་ཀྱི་ཆུ་ཚོད་དྲུག་ཅུ། ཆུ་སྲང་ང་གཉིས། དབུགས་བའི། རི་མཁན་རིའི་ཆ་བརྒྱ་དང་རེ་བརྒྱད། རེ་ལྔ་ཆ་ལྔ་བཅུ་རྣམས་ཡོད། ཁྱིམ་ཞག་སུམ་ཅུ་ཐམ་པ་ལ་ཁྱིམ་ཟླ་གཅིག་དང༌། ཁྱིམ་ཟླ་བཅུ་གཉིས་ལ་ཁྱིམ་ལོ་གཅིག་ཟེར་ཞིང༌། དེ་ལ་ཁྱིམ་ཞག་སུམ་བརྒྱ་དྲུག་ཅུ་ཐམ་པ་ཡོད་པས་འཇིག་རྟེན་ཡོངས་གྲགས་སུ་ལོ་གཅིག་ཟླ་བ་བཅུ་གཉིས་ཞག་མ་སུམ་བརྒྱ་དྲུག་ཅུ་ཐམ་པ་ཟེར་བ་དེ་ཡང་ཁྱིམ་ཞག་གི་དབང་དུ་བྱས་ནས་བཤད་ན་ཡང་དག་པ་ཡིན། ཁྱིམ་ཞག་གི་གནས་ཚུལ་ཆ་ཚང་བར་ཤེས་པར་བྱེད་དགོས་ན། ས་ཡི་གོ་ལ་དང་གནམ་གྱི་གོ་ལའི་ཁྱིམ་དུམ་བུ་བཅུ་གཉིས་ཇི་ལྟར་ཆགས་ཚུལ་དང༌། དེ་ལ་ཉི་ཟླ་རྒྱུ་སྐར་སོགས་འཁོར་བསྐྱོད་བྱེད་ཚུལ། དབྱར་དགུན་གྱི་ཉི་ལྡོག་གཉིས་དང་སྟོན་དཔྱིད་ཀྱི་མཉམ་གཉིས་འབྱུང་ཚུལ། ས་ཡི་གོ་ལའི་དུམ་བུ་བཅུ་གཉིས་སུ་དུས་བཞི་ཇི་ལྟར་འཁོར་ཚུལ་སོགས་གོ་ལ་དང་སྐར་ཁྱིམ་གྱི་རི་མོ་ཟུང་འབྲེལ་བྱས་ཏེ་མ་བཤད་ན་ཡིག་ཐོག་དང་ཁ་ཐོག་གི་བཤད་པ་གཅིག་པུས་གོ་བ་ལོན་དཀའ་བས་འདིར་ངོ་སྤྲོད་མདོར་བསྡུས་ཙམ་ཞིག་འཆད་ན། ཉི་ཟླ་རྒྱུ་སྐར་སོགས་འཁོར་བསྐྱོད་བྱེད་ས་ནི་ནམ་མཁའི་གོ་ལ་ཡིན་ཅིང༌། དེ་ལ་སྐར་རྩིས་པ་རྣམས་ཀྱིས་འཇུག་པ་བདེ་ཁྱད་དུ་དུམ་བུ་བཅུ་གཉིས་སུ་བགོས་ཏེ་ལུག་ཁྱིམ་སོགས་ཁྱིམ་བཅུ་གཉིས་ཀྱི་མིང་བཏགས་པ་དང༌། ཁྱིམ་རེ་ལ་ཆ་སུམ་ཅུ་ཐམ་པ་རེ་བྱེད་པའི་ཆ་གཅིག་ལ་ཉི་མས་བགྲོད་པའི་ཡུན་ཚད་ལ་ཁྱིམ་ཞག་ཅེས་བརྗོད་པ་ཡིན། དེ་འདྲའི་ཆ་གཅིག་པུ་དེ་ནི་དེང་སང་གི་གནམ་རིག་པས་དུའུ་ཞེས་འབོད་པ་དེ་ཡིན་ཅིང༌། གནམ་གྱི་གོ་ལའི་ཁྱོན་ཡོངས་སུ་དུམ་བུ་བཅུ་གཉིས་སུ་བགོས་པའི་རྒྱུ་མཚན་ནི། ཉི་མའི་འོད་ས་ཡི་གོ་ལར་ཕོག་པའི་ཚད་མི་འདྲ་བ་དུམ་བུ་བཅུ་གཉིས་ཡོད་པར་བརྟེན་དུས་ཚིགས་བཞི་དང༌། དེ་རེ་རེ་ལ་ར་བ་དང༌། འབྲིང་པོ། ཐ་ཆུང་གསུམ་རེ་ཕྱེ་བས་ཟླ་བ་གསུམ་རེ་བཅས་ཟླ་བ་བཅུ་གཉིས་ཡོད་པའི་དབང་གི་ཡིན། ས་ཡི་གོ་ལ་དུམ་བུ་བཅུ་གཉིས་སུ་ཕྱེ་བའི་དུམ་བུ་རེར་ཆ་ཤས་སུམ་ཅུ་རེ་ཕྱེ་བས་དུམ་བུ་བཅུ་གཉིས་ཡོངས་རྫོགས་ཀྱི་ཆ་ཤས་བསྡོམས་ན་སུམ་བརྒྱ་དྲུག་ཅུ་ཡོད་པས་དེ་ལ་དུས་འཁོར་གྱི་སྐར་རྩིས་པའི་ལུགས་ལ་ཁྱིམ་ཞག་སུམ་བརྒྱ་དྲུག་ཅུ་ཞེས་འབོད་པ་དང༌། དེང་སང་གི་གནམ་རིག་པས་དུའུ་སུམ་བརྒྱ་དྲུག་ཅུ་ཞེས་འབོད་པ་ཡིན། དུས་ཚོད་ཀྱི་དབང་དུ་བྱས་ན་དུས་འཁོར་གྱི་སྐར་རྩིས་པའི་བཤད་སྲོལ་ལ། ས་ཚིགས་དུམ་བུ་བཅུ་གཉིས་སོ་སོའི་བར་དུས་ཚིགས་བཅུ་གཉིས་འཆར་སྔ་ཕྱིའི་བར་ཁྱད་ནི་ཟླ་བ་གཅིག་ཡོད་པ་དཔེར་ན། རང་ཅག་གནས་པའི་ལྷོ་གླིང་དཀྱིལ་མ་འདིར་སྟོན་ཟླ་ཐ་ཆུང་སྟེ་ཟླ་བ་བཅུ་པ་འཆར་བའི་སྐབས། ལྷོ་གླིང་ནུབ་མ་ལ་སྟོན་ཟླ་འབྲིང་པོ་སྟེ་ཟླ་བ་དགུ་པ། ནུབ་གླིང་ཤར་མ་ལ་སྟོན་ཟླ་ར་བ་སྟེ་ཟླ་བ་བརྒྱད་པ། ནུབ་གླིང་དཀྱིལ་མ་ལ་དབྱར་ཟླ་ཐ་ཆུང་སྟེ་ཟླ་བ་བདུན་པ། ནུབ་གླིང་ནུབ་མ་ལ་དབྱར་ཟླ་འབྲིང་པོ་སྟེ་ཟླ་བ་དྲུག་པ། བྱང་གླིང་ཤར་མ་ལ་དབྱར་ཟླ་ར་བ་སྟེ་ཟླ་བ་ལྔ་པ། བྱང་གླིང་དབུས་མ་ལ་དཔྱིད་ཟླ་ཐ་ཆུང་སྟེ་ཟླ་བ་བཞི་པ། བྱང་གླིང་ནུབ་མ་ལ་དཔྱིད་ཟླ་འབྲིང་པོ་སྟེ་ཟླ་བ་གསུམ་པ། ཤར་གླིང་ཤར་མ་ལ་དཔྱིད་ཟླ་ར་བ་སྟེ་ཟླ་བ་གཉིས་པ། ཤར་གླིང་དབུས་མ་ལ་དགུན་ཟླ་ཐ་ཆུང་སྟེ་ཟླ་བ་དང་པོ། ཤར་གླིང་ནུབ་མ་ལ་དགུན་ཟླ་འབྲིང་པོ་སྟེ་ཟླ་བ་བཅུ་གཉིས་པ། ལྷོ་གླིང་ཤར་མ་ལ་དགུན་ཟླ་ར་བ་སྟེ་ཟླ་བ་བཅུ་གཅིག་པ་བཅས་ཡིན། ཉིན་མཚན་གེ་དབང་དུ་བྱས་ན། རང་ཅག་གནས་པའི་ལྷོ་གླིང་དཀྱིལ་མ་འདིར་ཉིན་གུང་གི་དུས་སུ(པེ་ཅིན་ཆུ་ཚོད་བཅུ་གཉིས་པ)ལྷོ་གླིང་ནུབ་མ་ལ་ཉི་དྲོས། (པེ་ཅིན་ཆུ་ཚོད་བཅུ་པ)ནུབ་གླིང་ཤར་མ་ལ་ཞོགས་པའི་ཉི་མ་ཤར་ཙམ། (པེ་ཅིན་ཆུ་ཚོད་བརྒྱད་པ)ནུབ་གླིང་དཀྱིལ་མ་ལ་ནམ་ལངས་ཙམ། (པེ་ཅིན་ཆུ་ཚོད་དྲུག་པ)ནུབ་གླིང་ནུབ་མ་ལ་ཐོ་རེངས། (པེ་ཅིན་ཆུ་ཚོད་བཞི་པ)བྱང་གླིང་ཤར་མ་ལ་ནམ་ཕྱེད་ཡོལ་ཙམ། (པེ༌ཅིན་མཚན་མོའི་ཆུ་ཚོད་གཉིས་པ)བྱང་གླིང་དཀྱིལ་མ་ལ་ནམ་ཕྱེད། (པེ་ཅིན་མཚན་མོའི་ཆུ་ཚོད་བཅུ་གཉིས་པ)བྱང་གླིཇ་ནུབ་མ་ལ་སྲོད་འཁོཔ(པེ་ཅིན་མ་ཚན་མོའི་ཆུ༌ཚོད་བཅུ་པ)ཤར་གླིང་ཤར་མ་ལ་ས་སྲོད། (པེ་ཅིན་གི༌མཚན་མོའི་ཆུ་ཚོད་བརྒྱད་པ)ཤར་གླིང་དཀྱིལ་མར་ཉི་མ་བཞུད་པ། (པེ་ཅིན་ཕྱི་དྲོའི་ཆུ་ཚོད་དྲུག་པ)ཤར་གླིང་ནུབ་མ་ལ་དགོང་མྱུར། (པེ་ཅིན་ཕྱི་དྲོའི་ཆུ་ཚོད་བཞི༌པ)ལྷོ་གླིང་ཤར་མ་ལ་གུང་ཡོལ། (པེ་ཅིན་ཕྱི་དྲོའི་ཆུ་ཚོད་གཉིས་པ)བཅས་ཡིན། དེས་མཚོན་ནས་ས་དུམ་བུ་བཅུ་གཉིས་ཀྱི་དུས་ཚོད་བར་ཁྱད་རིག་པས་དཔོག་དགོས། །

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།