ཁྱིམ་བཅུ་གཉིས་
སངས་རྒྱས་ཆོས་ལུགས་ཀྱི་དུས་འཁོར་ལས་ལོ་རེའི་ཟླ་བ་བཅུ་གཉིས་སོ་སོར་ཉི་མ་སྐར་མའི་ཁྱིམ་གང་དུ་གནས་པའི་ཆ་རེ་རེར་ཁྱིམ་རེ་རེར་རྩིས་པ་དང༌། དེ་བཞིན་དུ་གཟའ་གཞན་བརྒྱད་པོ་ཡང་རྒྱུ་སྐར་ཉེར་བདུན་གནས་པའི་ཁྱིམ་ལ་རྒྱུ་བའི་དུས་ཡུན་མི་འདྲ་བ་རེ་ཡོད་པའི་ཆ་ནས་ཁྱིམ་ཞེས་བརྗོད་པ་དང༌། རྒྱུ་སྐར་ཉེར་བདུན་ནི་གཟའ་དགུ་པོ་སོ་སོའི་རྒྱུ་ཚུལ་གསལ་བར་མཚོན་བྱེད་ཀྱི་བརྡ་རྟགས་ཡིན་པས་ན་ཕྱོགས་གསུམ་གྱི་སྒོ་ནས་སྐར་ཁྱིམ་བཅུ་གཉིས་དང་ཉི་ཁྱིམ་བཅུ་གཉིས་ཞེས་བརྗོད་པ་སྟེ། གཟའ་དགུ་པོ་ནི་སྐར་ཁྱིམ་བཅུ་གཉིས་ཀྱི་སྟེང་དུ་རྒྱུ་བ་པོ་ཡིན་ཅིང༌། སྐར་མ་ཉེར་བདུན་པོ་གཟའ་རྣམས་ཀྱི་རྒྱུ་བ་མཚོན་པའི་རྟགས་ལྟ་བུ་ཡིན་པའི་ཆ་ནས་རྒྱུ་སྐར་ཞེས་མིང་བཏགས་པ་ཙམ་ལས་རྒྱུ་བ་པོ་ཡིན་པའི་ཆ་ནས་བཏགས་པ་མིན་པ་མ་ཟད། དེང་སང་གི་གནམ་རིག་ཐོག་སྐར་མ་ཉེར་བདུན་པོ་ལ་བརྟན་སྐར་ཞེས་བརྗོད་པ་ལས་རྒྱུ་སྐར་ཡིན་པའི་བཤད་སྲོལ་མེད། ཉི་ཁྱིམ་བཅུ་གཉིས་སམ་སྐར་ཁྱིམ་བཅུ་གཉིས་ནི། ༡ལུག ༢གླང༌། ༣འཁྲིག ༤ཀརྟ་ཀ ༥སེང་གེ ༦བུ་མོ། ༧སྲང༌། ༨སྡིག་པ། ༩་གཞུ། ༡༠ཆུ་སྲིན། ༡༡བུམ་པ། ༡༢ཉ་བཅས་ཡིན། རང་ཅག་གནས་པའི་འཇིག་རྟེན་གྱི་ཁམས་འདི་ཆགས་ཟིན་ནས་དུས་ཡུན་རིང་པོ་ཞིག་གི་བར་ཉི་མ་ཟླ་བ་སོགས་གཟའ་དགུ་ཆགས་མེད་ཅིང༌། དེའི་ཐ་སྙད་ཀྱང་མེད། ས་ཡི་གོ་ལའི་སྟེང་གི་བར་སྣང་ལ་རླུང་ཁམས་ཆེན་པོས་བཏེག་པའི་གནམ་གྱི་གོ་ལ་སྟེ་སྐར་མ་གནས་པའི་ཁྱིམབཅུ་གཉིས་རྣམསེ་ཕུབ་ཀྱི་བང་རིམ་ལྟར་དཀྱིལ་མཐོ་ཞིང་མཐའ་དམའ་བ་ཕན་ཚུན་གྲུ་གུ་འཛིངས་པ་ལྟར་གཡོན་ནས་གཡས་སུ་མགྱོགས་པར་འཁོར་བ་ཞིག་གྲུབ་པ་དེར་སྐར་ཁྱིམ་དང་ཉི་ཁྱིམ་ཟེར། ཁྱིམ་གྱི་དང་པོ་ལུག་ཁྱིམ་གྱི་ཆ་ཤས་དང་པོའི(ཁྱིམ་རེ་ལ་ཆ་ཤས་ཆེ་བ་དགུ་རེ་ཕྱེ་བས་ཆ་ཤས༡༠༨ཡོད)ཐོག་རྒྱུ་སྐར་གྱི་དང་པོ་ཐ་སྐར་ཆགས་པ་ནས་ཁྱིམ་བཅུ་གཉིས་པ་ཉ་ཁྱིམ་གྱི་ཆ་ཤས་གསུམ་པར་སྐར་མ་ནམ་གྲུ་ཆགས་པའི་བར་རྒྱུ་སྐར་ཉེར་བདུན་པོ་དུས་མཉམ་དུ་ཆགས། དེ་ནས་རྒྱུ་སྐར་དང་བརྟན་སྐར་གཞན་རྣམས་རིམ་བཞིན་ཆགས་པའི་དུས་ཡུན་རིང་པོ་ཡོད། དེ་ནས་ས་སྟེང་ཐོག་འགྲོ་བ་མིའི་རིགས་རྣམས་རིམ་བཞིན་ཆགས་སྟེ་སྐབས་དེར་མི་རྣམས་ལུས་ལ་རང་བཞིན་གྱིས་འཕྲོ་བའི་འོད་ཡོད་པ་ཞིག་ཡིན་པའི་ཐོག་འཚོ་བ་ཕུན་སུམ་ཚོགས་པར་ལོངས་སྤྱོད་པ་དང༌། སྐབས་དེར་མི་དགེ་བཅུའི་བྱ་སྤྱོད་མེད་སྟབས་རྒྱལ་པོ་དང༌། བློན་པོ། དམགདཔུང༌། བཙོན་ཁང་སོགས་མེད། སྒེར་ལ་དབང་བའི་དཔལ་འབྱོར་བྱུང་རྗེས་སྒེར་སེམས་ཆེ་རུ་སོང་སྟེ་མི་རྣམས་ཀྱི་བྱ་སྤྱོད་ཐོག་མི་དགེ་བ་བཅུ་དར་ཏེ་ལུས་ཀྱི་འོད་ཉམས་ཞིང༌། ཞིང་ལས་དང་འབྲོག་ལས་སོགས་ཐུན་མོང་དང་སྒེར་གྱི་ངལ་རྩོལ་ལ་བརྟེན་ནས་འཚོ་བ་སྐྱེལ་འགོ་ཚུགས་ཤིང༌། མེའི་རྡུལ་ཕྲན་གྱི་སྙིང་པོ་གཅིག་ཏུ་འདུས་པའི་སྐར་མ་འོད་ཆེན་པོ་འིག་སྐར་ཁྱིམ་དུམ་བུ་བཞི་པ་ཀརྟུ་ཀའི་ཁྱིམ་ལ་གནས་པའི་སྐར་མ་སྐག་གི་ཐད་ནས་ཐོན་པ་ནས་དེ་ལ་མི་རྣམས་ཀྱིས་ཉི་མ་ཞེས་བཏགས་ནས་གཟའ་དགུའི་དང་པོ་དེ་བྱུང༌། ཉི་མ་དེ་ཉིད་སྐར་ཁྱིམ་གྱི་ཐོག་ནས་རང་འགྲོས་གཡོན་བསྐོར(རང་འཁོར་ཟེར་བ་དེ་ཡིན)དུ་འཁོར་བ་དང༌། རླུང་འགྲོས་ཀྱིས་གཡས་བསྐོར་དུ་འཁོར་ཏེ་རང་གི་སྐྱེས་ཁྱིམ་ཀཊ་ཀའི་ཁྱིམ་གྱི་ཐད་དུ་སླེབས་པ་དང༌། རང་ཉིད་ཀྱི་སྐྱེས་སྐར་དང་བཅས་པ་ཤར་གླིང་དབུས་མའི་ལུག་ཁྱིམ་གྱི་ཟུར་སྐར་མ་ཐ་སྐར་གྱི་སྟེང་དུ་སླེབས་པ་ན་ཟླ་བ། དེ་ནས་སླར་ཡང་ཉི་མས་གཡོན་བསྐོར་དུ་འཁོར་ནས་ཁྱིམ་དྲུག་པ་སེང་གེའི་ཁྱིམ་གྱི་ཟུར་ལ་གནས་པའི་སྐར་མ་མཆུའི་ཐད་དུ་སླེབས་པ་ན་མིག་དམར། ཁྱིམ་བརྒྱད་པ་སྡིག་པའི་ཁྱིམ་གྱི་ཟུར་ལ་གནས་པའི་སྐར་མ་ལྷ་མཚམས་ཀྱི་ཐད་དུ་སླེབས་པ་ན་ལྷག་པ། ཁྱིམ་དགུ་པ་བུ་མོའི་ཁྱིམ་གྱི་དབུས་སུ་གནས་པའི་སྐར་མ་མེ་བཞིའི་ཐད་དུ་སླེབས་པ་ན་ཕུར་བུ། ཁྱིམ་གསུམ་པ་འཁྲིག་པའི་ཁྱིམ་གྱི་ཟུར་ལ་གནས་པའི་སྐར་མ་ནབས་སོའི་ཐད་དུ་སླེབས་པ་ན་པ་སངས། ཁྱིམ་དགུ་པ་གཞུའི་ཁྱིམ་གྱི་ཟུར་ལ་གནས་པའི་སྐར་མ་སྣུབས་ཀྱི་ཐད་དུ་སླེབས་པ་ན་སྤེན་པ། ཁྱིམ་བདུན་པ་སྲང་ཁྱིམ་གྱི་ཟུར་ལ་གནས་པའི་སྐར་མ་ནག་པའི་ཐད་དུ་སླེབས་པ་ན་སྒྲ་གཅན། ཁྱིམ་བཅུ་གཉིས་པ་ཉ་ཁྱིམ་གྱི་ཟུར་ལ་གནས་པའི་སྐར་མ་ནམ་གྲུའི་ཐད་དུ་སླེབས་པ་ན་དུས་མེ། ཁྱིམ་བཅུ་གཅིག་པ་ཆུ་སྲིན་ཁྱིམ་གྱི་ཟུར་ལ་གནས་པའི་སྐར་མ་ཆུ་སྨད་ཀྱི་ཐད་དུ་སླེབས་པ་ན་མཇུག་རིང་བཅས་རིམ་བའིན་བྱུང༌། སྒྲ་གཅན་དང་དུས་མེ་གཉིས་གདོང་དང་མཇུག་གི་ཁྱད་པར་མ་གཏོགས་གཟའ་གཅིག་ཡིན། སྐར་ཁྱིམ་ཐོག་གཡས་བསྐོར་གྱིས་མགྱོགས་པར་འཁོར་བ་ཕུད། གཟའ་གཞན་བརྒྱད་རྣམས་རང་རང་སོ་སོའི་འགྲོས་མི་འདྲ་ཞིང་འཁོར་ལམ་རྒྱ་ཆེ་ཆུང་ཡང་མི་འདྲ་བའི་ཐོག་གཡོན་བསྐོར་དུ་འཁོར་བ་ཡིན། དཔེར་ན་མིག་དམར་དང༌། ཕུར་བུ། སྤེན་པ་གསུམ་ནི་དྲག་གཟའ་ཡིན་པའི་ཐོག་རང་འགྲོས་ཉི་མ་ལས་དལ་བས་འཆར་བའི་ཚེ་ན་ལོ་གཅིག་གི་ནང་ཉི་མའི་རྒྱབ་སྟེ་ནུབ་ངོས་ནས་ཐེངས་རེ་ཟུང་ལས་མི་མཐོང་ཞིང༌། ལྷག་པ་དང་པ་སངས་གཉིས་རང་འགྲོས་ཉི་མ་ལས་མགྱོགས་པས་འཆར་བའི་ཚེ་ན་ལོ་གཅིག་ནང་ཉི་མའི་མདུན་ཏེ་ཤར་ངོས་ནས་ཐེངས་ཁ་ཤས་མཐོང་རྒྱུ་ཡོད། གཟའ་མཇུག་རིང་ནི་རང་འགྲོས་ཧ་ཅང་དལ་བའི་ཐོག་རང་གི་སྐྱེས་ཁྱིམ་ཆུ་སྲིན་གྱི་ཁྱིམ་དུ་སླེབས་པ་དང་ཉི་མ་རྗེས་ནས་མགྱོགས་པོར་འོང་བ་གཉིས་མཉམ་དུ་འཛོམས་ནས་མཐོང་རྒྱུ་མེད་པར་གྱུར་པ་ནས་མཐོང་རྒྱུ་ཡོད་པར་གྱུར་པའི་བར་ལོ་བཅུ་གཉིས་ཡོད། གོང་གསལ་རྣམས་ངོ་སྤྲོད་ཙམ་ལས་རྒྱུ་མཚན་རྣམས་འདིར་མ་བཀོད། ཁྱིམ་བཅུ་གཉིས་ལ་ལུག་དང་གླང་སོགས་ཀྱི་མིང་འདོགས་པའི་རྒྱུ་མཚན་ནི། བོད་ཟླ་གསུམ་པར་ཉི་མ་ཤར་ཕྱོགས་ཀྱི་ཁྱིམ་དབུས་མ་དེར་སླེབས་སྐབས་ལུག་རྣམས་བལ་འབྲེག་པའི་དུས་ཡིན་པས་ཁྱིམ་དེ་ལ་ལུག་ཁྱིམ་ཞེས་བརྗོད། བོད་ཟླ་བཞི་པར་ཉི་མ་བྱང་ཤར་གྱི་ཁྱིམ་དེར་སླེབས་སྐབས་གླང་རྣམས་ཞིང་རྨོ་བའི་དུས་ཡིན་པས་ཁྱིམ་དེ་ལ་གླང་ཁྱིམ་ཞེས་བརྗོད། བོད་ཟླ་ལྔ་པར་ཉི་མ་བྱང་གི་ཁྱིམ་དཀྱིལ་ལ་སླེབས་སྐབས་སྲོག་ཆགས་རྣམས་འཁྲིག་པ་སྤྱོད་པའི་དུས་ཡིན་པས་ཁྱིམ་དེ་ལ་འཁྲིག་ཁྱིམ་དང༌། བོད་ཟླ་དྲུག་པར་ཉི་མ་བྱང་སྟོད་ཀྱི་ཁྱིམ་ལ་སླེབས་སྐབས་ཆར་དུས་ཚུགས་ཤིང་སྦལ་པ་སྐད་འབྱིན་པའི་དུས་ཡིན་སྟབས་ཁྱིམ་དེ་ལ་ཀཊ་ཀའི་ཁྱིམ་དང༌། བོད་ཟླ་བདུན་པ་ཉི་མ་ནུབ་སྨད་ཀྱི་ཁྱིམ་དེར་སླེབས་སྐབས་ཚ་བ་ཆེ་ཞིང་སེང་གེ་འཁྲིག་པ་སྤྱོད་པའི་དུས་ཡིན་པས་ཁྱིམ་དེ་ལ་སེང་གེའི་ཁྱིམ་དང༌། བོད་ཟླ་བརྒྱད་པ་ཉི་མ་ནུབ་ཕྱོགས་ཀྱི་ཁྱིམ་དབུས་མ་དེར་སླེབས་སྐབས་བུ་མོ་གཞོན་ནུ་རྣམས་བཞིན་གྱི་མདངས་གསལ་བའི་དུས་ཡིན་པས་ཁྱིམ་དེ་ལ་བུ་མོའི་ཁྱིམ་དང༌། བོད་ཟླ་དགུ་པ་ཉི་མ་ནུབ་སྟོད་ཀྱི་ཁྱིམ་དེར་སླེབས་སྐབས་འབྲུ་དང་མར་སྲང་ལ་བཏེག་ནས་བརྗེ་འཚོང་བྱེད་པའི་དུས་ཡིན་པས་ཁྱིམ་དེ་ལ་སྲང་གི་ཁྱིམ་དང༌། བོད་ཟླ་བཅུ་པ་ཉི་མ་ལྷོ་སྨད་ཀྱི་ཁྱིམ་དེར་སླེབས་སྐབས་གཅན་གཟན་རྣམས་གྲ་ལེགས་ཤིང་རྔོན་པ་རྣམས་ཀྱིས་རི་དྭགས་དང་གཅན་གཟན་བསད་ནས་སྡིག༌པ་ཤུགས་ཆེར་བསགས་པའི་དུས་ཡིན་པས་ཁྱིམ་དེ་ལ་སྡིག༌པའི་ཁྱིམ་དང༌། བོད་ཟླ་བཅུ་གཅིག་པ་ཉི་མ་ལྷོ་ཕྱོགས་ཀྱི༌ཁྱིམ་དྲང་པོར་སླེབས་སྐབས་ས་གནས་འདིར་གནམ་གཤིས༌ཧ་ཅང་གྲང་བས་གཞུ་རྒྱུད་ཀྱང་འཐེན་མི་ཐུབ་པའི་དུས་ཡིན་པས་ཁྱིམ་དེ་ལ་གཞུ་ཁྱིམ་དང༌། བོད་ཟླ་བཅུ་གཉིས་པ་ཉི་མ་བྱང་སྟོད་ཀྱི་ཁྱིམ་དེར་སླེབས་སྐབས་རྒྱ་མཚོ་ཆེན་པོའི་ཆུ་ཧ་ཅང་གྲང་བར་བརྟེན་ཆུ་སྲིན་ཡང་ཁ་ཉི་མ་ལ་བལྟས་ནས་ཉི་མ་སྲོ་བའི་དུས་ཡིན་པས་ཁྱིམ་དེ་ལ་ཆུ་སྲིན་གྱི་ཁྱིམ་དང༌། བོད་ཟླ་དང་པོ་ཉི་མ་ཤར་སྨད་ཀྱི་ཁྱིམ་དེ་ལ༌སླེབས་སྐབས་བུམ་པའི་ནང་གི་ཆུ་འཁྱགས་པ་དྲོས་པའི་དུས་ཡིན་པས་ཁྱིམ་དེ་ལ་བུམ་པའི་ཁྱིམ་དང༌། བོད་ཟླ་གཉིས་པ་ཉི་མ་ཤར་ཕྱོགས་དྲང་པོའི་ཁྱིམ་དེ་ལ་སླེབས་སྐབས་ས་ལ་དྲོད་སླེབས་པའི་དུས་སུ་རྒྱ་མཚོའི་ནང་གི་ཉ་ལྡང་བའི་དུས་ཡིན་པས་ཁྱིམ་དེ་ལ་ཉ་ཡི་ཁྱིམ་ཞེས་བརྗོད་པ༌ཡིན། ཞིབ་པར་སྐར་རྩིས་ཀྱི་གཞུང་རྣམས་ལ་གཟིགས། །
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།