ཁོན་ཀླུའི་དབང་པོ་

ཡོང་ཁུངས་Wikipedia

དེ་སྔོན་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་ལོ་ཙཱ་བ་ཆེན་པོའི་གྲས་ཡིན། ཡབ་དཀོན་པ་རྗེ་གུང་སྟག་གམ་མཚན་གཞན་འཁོན་དཔལ་པོ་ཆེ་དང༌། ཡུམ་རླངས་ཁམས་པ་གོ་ཆའི་གཅེན་མོ་རླངས་བཟའ་ནེ་ཆུང་གཉིས་ཀྱི་སྲས་གཉིས་ཡོད་པའི་ཆེ་བ་ཡིན། 《ས་སྐྱའི་གདུང་རབས》ཁག་སོགས་བོད་ཀྱི་ལོ་རྒྱུས་མང་པོའི་ནང་འཁོན་ལོ་ཙཱ་བ་ཀླུའི་དབང་པོ་སྲུང་འདི་སད་མི་བདུན་གྱི་གྲས་སུ་འདྲེན་པ་གནང་ཡོད། འོན་ཀྱང་སད་མི་དྲུག་ཏུ་ཁས་ལེན་སྐབས་འཁོན་ལོ་ཙཱ་བ་འདི་འདྲེན་སྲོལ་མི་འདུག ལོ་ཙཱ་བ་འདིས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་ནང་བློན་མཛད་ཅིང༌། རྗེས་སུ་མཁན་ཆེན་ཞི་བ་འཚོའི་དྲུང་དུ་རབ་བྱུང་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཤིང༌། མཁན་ཆེན་དང་རླངས་ཁམས་པ་གོ་ཆ་གཉིས་ཀྱི་དྲུང་ནས་ཆོས་མང་དུ་གསན། ལོ་ཙཱ་ཡང་མཁས་པར་མཁྱེན་པས་ལོ་ཙཱ་བ་རབ་དགུའི་ནང་གསེས་བར་པ་གསུམ་གྱི་གྲས་སུ་ཡང་འདྲེན། སྐུ་ཚེའི་སྨད་དུ་བྲག་ཡེར་པར་སྒོམ་སྒྲུབ་མཛད་ནས་གྲུབ་པ་ཐོབ་སྟེ་དྲིལ་བུ་ནམ་མཁར་བཞག་པས་ཁོང་བཞུགས་སའི་ཕུག་པ་དེར་དྲིལ་བུ་ཕུག་ཅེས་མིང་ཐོགས་པ་ཡིན་ཞེས《བྲག་ཡེར་པའི་དཀར་ཆག》ནང་གསལ།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།