ཁུ་ནུ་ལའི་རི་རྒྱུད་

ཡོང་ཁུངས་Wikipedia

རི་རྒྱུད་དེ་ནི་ནུབ་ཕྱོགས་ནས་བོད་ཀྱི་བྱང་མཚམས་སུ་བརྒྱུགས་ཡོད། ཆ་སྙོམས་མཐོ་ཚད་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་ལྔ་སྟོང་ལྔ་བརྒྱ་ནས་དྲུག་སྟོང་བར་ཟིན། རི་རྒྱུད་དེའི་བྱང་ངོས་སུ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་ཆིག་སྟོང་ཟིན་པའི་ཤིན་ཅང་ཐ་ལི་མུ་གཤོངས༌ས་དང༌། མཐོ་ཚད་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་ཉིས་སྟོང་དྲུག་བརྒྱ་ནས་སུམ་སྟོང་བར་ཟིན་པའི་མཚོ་སྔོན་ཚྭ་འདམ༌། གཤོངས་ས་གཉིས་གནས་ཤིང༌། རི་རྒྱུད་དེ་ནི་གཤོངས་ས་དེ་གཉིས་ལས་སྤྱི་ཁྲེ་སུམ་སྟོང་ནས་ལྔ་སྟོང་ཡན་གྱིས་མཐོ་བས་གནམ་སའི་ཁྱད་པར་ཆོད། རི་རྒྱུད་དེའི་ལྷོ་ངོས་ནི་མཐོ་ཚད་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་ལྔ་སྟོང་ཙམ་ཟིན་པའི་བོད་ཀྱི་བྱང་རྒྱུད་དང་འབྲེལ། བོད་ཁུལ་དུ་ཁུ་ནུ་ལའི་ལྷོ་ངོས་ཀྱི་ཆ་ཤས་ཙམ་ལས་མེད་པ་དེ་ནི་ས་བཀྲའི་ཐོག་གི་གཞུང་ཐིག༨༦。ནས༩༢。བར་དུ་མངོན་ཆེ་བ་ཡོད། རི་རྒྱུད་དེའི་རི་བོ་མཐོ་ཤོས་ནི་མུ་ཙེ་ཐ་གེ་ཞེས་པ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་དྲུག་སྟོང་དགུ་བརྒྱ་བདུན་ཅུ་དོན་གསུམ་ཡོད་ཅིང༌། རི་རྒྱུད་དེ་ས་མཐོའི་ཐོག་བྱུང་སྔ་ཤོས་ཤིག་ཡིན།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།