ཁམས།
ཁམས་ཞེས་པ་ནི་སངས་རྒྱས་ཀྱི་བསྟན་པའི་ནང་དུ་སེམས་ཅན་རྣམས་འཁོར་བར་སྐྱེ་འཆི་བྱེད་སའི་གནས་ཏེ། འདིའི་ནང་དུ་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་དང་། དཔག་ཏུ་མེད་པའི་འཇིག་རྟེན་གྱི་ཁམས་རྣམས་བཤད་ཡོད། "འཇིག་རྟེན་གྱི་ཁམས་ཡོངས་སུ་དག་པ་རྣམས་ན་ཡོད་པ་མཆོག་ཏུ་ཉམས་དགའ་བའི་ལོངས་སྤྱོད་རྣམས་འབུལ་ལོ། །"[༡]ཞེས་གསུངས་པ་ལྟར་དག་པའི་ཞིང་ཁམས་ཀྱང་ཡོད།
མཚན་ཉིད།
[རྩོམ་སྒྲིག]"འཆགས་འཇིག་སྟོངས་གནས་བཞི་པོ་རེ་རེ་ལ་བར་བསྐལ་ཉི་ཤུ་རེར་བྱས་པའི་བར་བསྐལ་བརྒྱད་བཅུ་ནི་རྒྱུའི་ཐེག་པའི་ལུགས་ཀྱི་འཇིག་རྟེན་གྱི་ཁམས་འདིའི་བསྐལ་པ་ཆེན་པོ་གཅིག་གོ །"[༢]ཞེས་གསུངས་པ་དེ་བཞིན་ནོ། །
སྒྲ་བཤད།
[རྩོམ་སྒྲིག]འཇིག་ཅིང་ཆགས་པའི་འཇིག་རྟེན་གྱི་གནས་ཡུལ་ལམ་ཁྱབ་ཁོངས་ལ་གོ་དགོས་ཏེ། "འཇིག་རྟེན་གྱི་ཁམས་ན་དགོས་འདོད་ཀུན་འབྱུང་གི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་"[༣]ཞེས་གསུངས།
དབྱེ་བ།
[རྩོམ་སྒྲིག]སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས། "བླ་མ་གྲགས་སེང་བ་གཉིས་ཀྱིས་མདོ་ཁམས་སྟོད་ནས་འབུལ་བ་མེ་ཏོག་དང་བཅས་ཏེ་ཡང་ཡང་བསྐུལ་ཞིང༌།"[༤] ཞེས་གསུངས་པ་ལྟར་མདོ་ཁམས་ཞེས་པའི་ཡུལ་གྱི་མིང་དུའང་བེད། དཔག་ཏུ་མེད་པའི་འཇིག་རྟེན་གྱི་ཁམས། "ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་མཁོ་དགུའི་དཔལ་འབྱོར་རང་གིས་མཐོང་ཐོས་གང་ཡོད་འབུལ་བ་སྟེ།"[༥] ཞེས་དང་། "ཐེག་ཆེན་གྱི་མདོ་དུ་མར་འཇིག་རྟེན་གྱི་ཁམས་གཞན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཞིང་འདིའི་བསྔགས་པ་བརྗོད་པ་ན།"[༦] ཞེས་གསུངས་པ་ལྟར་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ཡོད། དག་པ་དང་མ་དག་པའི་འཇིག་རྟེན་གྱི་ཁམས། "ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ཏུ་བཞུགས་པའི་འཕགས་པའི་མཆོག་ལྐོག་ཏུ་གྱུར་ཀྱང་ཆོས་ཐམས་ཅད་ལ་ལྐོག་ཏུ་མ་གྱུར་པའི་ཐུགས་མངའ་བ་ཐམས་ཅད་ལ་མཁྱེན་པར་གསོལ་ལོ། །"[༧]ཞེས་གསུངས།
རྩོད་སྤོང་།
[རྩོམ་སྒྲིག]"འཇིག་རྟེན་ནི་དངོས་པོ་ལ་མངོན་པར་ཞེན་པ་ཕུང་པོ་ལ་སོགས་པ་བསྟན་པས་གདུལ་བར་བྱ་བའི་སེམས་ཅན་རྣམས་ཡིན་ཏེ།"[༨] ཞེས་གསུངས་པ་ལྟར་འཇིག་རྟེན་ཞེས་པ་སེམས་ཅན་ལ་གོ་དགོས་ན། འཇིག་རྟེན་གྱི་ཁམས་ཞེས་པ་སེམས་ཅན་གྱི་ཁམས་ལ་གོ་དགོས་སམ་ཞེ་ན། འདིར་འཇིག་རྟེན་གྱི་ཁམས་ཞེས་པ་སེམས་ཅན་རྣམས་ཀྱི་གནས་ཡུལ་ལ་གོ་དགོས་ཏེ། "གང་དག་ཚེ་འཕོས་པ་དེའི་ཆ་ལུགས་ལྟར་སྣང་བ་སོགས་ནི་བར་སྣང་གི་ཁམས་ལ་དྲི་ཟའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་མཆིས་པ་ལས་དྲི་ཟའི་འཆི་ཁ་མའི་སེམས་ལ་ཉེ་བར་འཇུག་པ་ཞེས་བྱ་བའི་རིགས་རྣམས་དྲི་ཟའི་ཟས་བཙལ་བའི་ཕྱིར་ལུས་དང་གོས་རྒྱན་ཆ་ལུགས་སོགས་དེ་ལྟ་བུའི་སྤྲུལ་པ་སོགས་ཀྱང་ཡོད།"[༩] ཅེས་གསུངས་པའི་ཕྱིར་རོ། །
ལུང་ཁུངས།
[རྩོམ་སྒྲིག]- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས་ 97
- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས་ 414
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་ 76
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་ 360
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་ 76
- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས་ 453
- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས་ 66
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་ 313
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་ 688