ཨ་མདོ
རྒྱ་ཡིག་ཏུ་安多ཟེར་བ་དང་དབྱིན་ཡིག་ཏུ་Amdoཞེས་བརྗོད། བོད་ཆོལ་ཁའི་གསུམ་གྱི་ཡ་གྱལ་ཞིག་ཡིན། ཆོལ་ཁ་གཞན་གཉིས་ནི་ཁམས་དང་དབུས་གཙང་བཅས་ཡིན། ཨ་མདོའི་ཁྱབ་ཡུལ་ཤིན་ཏུ་ཆེ་ཞིང་། ཀན་ལྷོ་རྨ་ཆུ་རྫོང་ནས་འབྲུ་ཆུ་བར་ཡིན། རྒྱ་ནག་ཧན་རྒྱལ་རབས༼སྤྱི་ལོ་སྔོན་༢༠༢ནས་སྤྱི་ལོ་༢༢༩ལོ་བར༽་ཀྱི་སྐབས་ལ་མཚོ་སྔོན་པོ་ཀྱང་ནུབ་མཚོ་ཞེས་བརྗོད་སྲོལ་འདུག
བོད་འབྲི་ཆུའི་སེ་བོ་ལུང་རིང་བརྒལ་བའི་བ་ཡན་ཧ་རའི་ཤར་ངོས་ཨ་ཆེན་གངས་རྒྱབ་ཀྱི་རི་དང་། མདོ་ལ་གཉིས་ཀྱི་མིང་་བསྡོམས་པའི་ས་མིང་ཞིག་སྟེ། དེ་མན་ཆད་ལ་ཨ་མདོ་ཟེར། མདོ་སྨད་ཅེས་པའི་མདོ་སྔོན་འཇུག་སྒྲ་དག་པོར་ཀློག་སྐབས་ཨ་སྒྲ་ཞིག་སྔོན་ལ་རང་ཤུགས་ཀྱི་ཐོན་པ་ཙམ་ཡིན་ལ། གནའ་རབས་སུ་ཨ་མདོའི་ལུང་པ་སྤྱི་ལ་ཙོང་ཁ་བདེ་ཁམས་ཟེར། དེ་ལ་ཡང་ད་ལྟའི་ཟི་ལིང་ཕྱོགས་ཀྱི་ལུང་པའི་ཆ་ཤས་ལ་ཙོང་ཁ་དང་། དེའི་ལྷག་མའི་ཡུལ་ལ་ཙོང་ཁ་ཆེན་པོར་འབོད་ཀྱི་ཡོད་པ་ནི་རྩེ་པོ་ཏ་ལའི་རྡོ་རིང་ཕྱི་མའི་ཐོག་གི་ཡི་གེའི་ནང་ལ་ཡང་མིང་དེ་འདྲ་གསལ་བ་མ་ཟད། ལི་ཡུལ་ནས་རྙེད་པའི་རྒྱལ་རབས་དེར་ཡང་། ཁྱིའི་ལོ་ལ་བབས་ཏེ་བཙན་པོ་བྱང་རོལ་དུ་གཤེགས། དགུང་བློན་ཆེན་པོ་ཁྲི་འབྲིང་གྱིས་བཙོང་ཀ་ཆེ་ཆུང་དུ་དམག་དྲངས། རྒྱའི་དམག་དཔོན་ཐུག་པུ་ཤི་བཟུང་ཟེར་བ་སོགས་གསལ། རྒྱ་དང་བོད་དམག་འཁྲུག་བྱུང་སའི་ས་ཆ་མང་ཆེ་བ་ནི་ཨ་མདོའི་ལུང་པའི་རྒྱུད་དུ་ཡིན་ཏེ། རྨ་ཆུ་བྱང་རྒྱུད་ཀྱི་ས་ཆ་འགའ་ཤས་ལ་རྒྱ་ཁྲག་ཐང་དང་། རྒྱ་དུར་ཐང་ཟེར་བ་སོགས་གྱི་མིང་ཆགས་པའི་ས་མིང་མང་པོ་ཡོད་ཅིང་། ས་ཆ་དེ་ཚོར་རྒྱ་དང་དམག་འཐབ་བྱེད་པའི་གཏམ་རྒྱུད་ཀྱང་ཡོད་པ་མ་ཟད། ཨ་མདོའི་རིགས་དེ་ཕལ་ཆེ་བ་ནི་སྔོན་གྱི་དམག་མི་ས་ཕྱོགས་དེར་སླེབས་པ་ལས་འཕེལ་རྒྱས་བྱུང་བར་མངོན་ཅིང་། གནའ་དུས་ཀྱི་དབུས་གཙང་གི་རུས་རྙིང་སྐྱི་དང་། ཁྱུང་པོ་ལ་སོགས་པའི་མིང་ཅན་གྱི་མི་སྡེ་མང་པོ་ཡང་ཡོད་ལ། ཅོ་ནེ་པ་རྣམས་སྲོང་བཙན་སྒམ་པོའི་སྐབས་ཀྱི་དམག་མི་ཡིན་པ་སོགས་ཀྱི་བཤད་སྲོལ་ཡང་འདུག
དཔྱད་གཞི་ཡིག་ཆ
[རྩོམ་སྒྲིག]- དུང་དཀར་ཚིག་མཛོད་ཆེན་མོ