ཁམས་རི་བོ་ཆེ་

ཡོང་ཁུངས་Wikipedia

སྟག་ལུང་སངས་རྒྱས་དབོན་གྲགས་པ་དཔལ་གྱིས་དགུང་ལོ་ཉི་ཤུ་རྩ་བདུན་པ་རབ་བྱུང་ལྔ་པའི་མེ་གླང(༡༢༧༧)ལོར་དབྱི་ཤོད་རི་བོ་ཆེར་ཕྱག་བཏབ་པའི་དགོན་པའི་མིང་སྟེ(དེང་སང་བོད་རང་སྐྱོང་ལྗོངས་ཀྱི་ཆབ་མདོ་ཀྲོན་ཆུས་ཁམས་རི་བོ་ཆེ་རྫོང་ཡོད་ས)སངས་རྒྱས་དབོན་རིན་པོ་ཆེས་ཐོག་མར་ས་གནས་དེར་གཟིམས་གུར་ཕུབ་ནས་ས་འདུལ་དང༌། བྱིན་འབེབས་མཛད་རྗེས་ཟླ་བ་དང་པོར་རྩིག་རྨང་འདིང་ཏེ། ཀ་བཞི་མའི་ལྷ་ཁང་གཉིས་དང༌། ཀ་དྲུག་གི་ལྷ་ཁང༌། ཆོས་ཁྲི་ཁང༌། ནག་ཚང་ཆེན་མོ་རྣམས་བརྩིགས། དེ་ནས་ལོ་ཤས་ནང་གྲྭ་པ་མང་དུ་འདུས་པ་རྣམས་ཀྱིས་སོ་སོའི་གྲྭ་ཚང་བརྩིགས་པས་གླིང་ཡང་རྒྱ་ཆེར་གྱུར། རབ་བྱུང་ལྔ་པའི་ཆུ་ལུག(༡༢༨༣)ལོ་ནས་རིམ་བཞིན་སྐུ་གསུང་ཐུགས་རྟེན་རྣམས་བཞེངས་པའི་འགོ་བརྩམས་སྟེ། ཞོར་ལ་ཆོས་བཀའ་ཡང་ཡང་གནང་བས་སྐུ་ཚེའི་སྨད་དུ་གོན་པ་དེར་གྲྭ་པ་སུམ་སྟོང་ཙམ་འཚོགས་པ་བྱུང་། དེ་རྗེས་ཆོས་རྗེ་ཨུ་རྒྱན་མགོན་པོས་དགུང་ལོ་ཉི་ཤུ་རྩ་བརྒྱད་པ་རབ་བྱུང་ལྔ་པའི་ལྕགས་སྤྲེལ(༡༣༢༠)ལོར་ལྷ་ཁང་ཆེན་མོ་བཞེངས་འགོ་ཚུགས་ཏེ། ཕྱིའི་རྩིག་པ་རིམ་པ་གཅིག་གྱང་དང༌། ནང་གི་རྩིག་པ་རིམ་པ་གཉིས་རྡོ་ཆེན། འོག་ཁང་སྐུ་འཁོར་མཚོན་བྱེད་ཀྱི་ལྷ་ཁང་ཁྲ་བོ་མི་ཚད་བདུན་གྱི་མཐོ་དམན་ཙམ། བར་ཁང་གསུང་གི་འཁོར་ལོ་མཚོན་བྱེད་ལྷ་ཁང་དམར་པོ་མི་ཚད་ལྔའི་མཐོ་དམན་ཙམ། སྟེང་ཁང་ཐུགས་ཀྱི་འཁོར་ལོ་མཆོན་བྱེད་ལྷ་ཁང་དཀར་པོ་མཐོ་ཚད་མི་ཕྲེང་ལྔའི་ཚད་ཙམ་ཡོད་པ། གཙུག་ལག་ཁང་གི་རྒྱ་ཁྱོན་ངོས་གཅིག་ལ་གཞུ་འདོམ་བརྒྱ་དང་སུམ་ཅུ་སོ་གསུམ(འདོམ་གང་ལ་སྤྱི་ཁྲེ་གང་དང་སྐར་མ་བརྒྱད་ཅུ་ཡོད་པར་ཆ་བཞག་ན་སྤྱི་ཁྲེ༢༣༩་༤)རེ་ཡོད་པ། ལྷ་ཁང་འོག་མའི་རྒྱ་ཁྱོན་ཀ་བ་དྲུག་ཅུ་དང་ཀ་བ་རེའི་སྦོམ་ཚད་འདོམ་དོ་ལྷག་ཙམ། ཀ་བ་རེའི་བར་ཐག་སྤྱིར་བཏང་ལས་རིང་བ་ཞིག གཞན་ཡང་ཞབས་དྲུང་བླ་བྲང༌། ཡང་དགོན་བླ་བྲང༌། རྙིང་མ་གྲྭ་ཚང༌། སྟག་ལུང་གྲྭ་ཚང༌། གསར་མ་གྲྭ་ཚང་བཅས་ལ་གསེར་དངུལ། ཛེ་ཀཥིམ། ལི་དཀར་དམར། སྨན་འདམ་སོགས་ལས་གྲུབ་པའི་སྐུ་བརྙན་དང༌། མཆོད་རྟེན། སྨན་ཐང༌། སྒར་བྲིས་ཀྱི་ཐང་ཀ་ཆིག་སྟོང་ལྷག་ཙམ་དང༌། ཆོས་རྩིགས་གཅིག་པུར་ཡང་པོད་གྲངས་ཆིག་ཁྲི་ལྔ་སྟོང་ཙམ་ཡོད་པ་སོགས་ཞིབ་པར་ཀ་ཐོག་སི་ཏུ་རིན་པོ་ཆེ་ཆོས་ཀྱི་རྒྱ་མཚོས་མཛད་པའི《དབུས་གཙང་གནས་བསྐོར་ལམ་ཡིག》སྡེ་དགེ་པར་མའི་གྲངས༡༤ནས༢༡བར་གསལ།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།