Jump to content

ཁང་དབང་

ཡོང་ཁུངས་Wikipedia
སུང་ཀའོ་ཙུང་ཀྲའོ་ཀོའུ

སུང་ལྷོ་མའི་རྒྱལ་རབས་ཀྱི་གོང་མ་དང་པོ་སུང་ཀའོ་ཙུང་ཀྲའོ་ཀོའུ(宋高宗赵构)ཟེར་བ་དེའི་ཐོག་མའི་གོ་གནས་ཀྱི་མིང་ཡིན་ཅིང༌། སུང་བྱང་མའི་རྒྱལ་རབས་ཀྱི་གོང་མ་སུང་ཧུའེ་ཙུང་ཀྲའོ་ཅིས(宋徽宗赵估)ཀྱི་བུ་དགུ་པ་དང་སུང་ཆིན་ཙུང(宋钦宗)གི་གཅུང་པོ་ཡིན། མེ་ལུག(༡༡༢༧)ནས་ཆུ་རྟ(༡༡༦༢)ལོ་བར་ལོ་སུམ་ཅུ་སོ་དྲུག་རིང་སྲིད་དབང་བཟུང༌། ཅིན་རྒྱལ་རབས་ཀྱིས་སུང་བྱང་མར་དམག་དྲངས་ཏེ་སྲིད་དབང་འཐོར་རྗེས། ད་དུང་དམག་མི་ཁྲི་བརྒྱད་ཙམ་ཡོད་པ་འཁྲིད་ནས་སྨན་རྩེའི་ཡུལ་ཏེ་དེང་སང་གི་ཅང་སུའུ་ཞིང་ཆེན་དུ་བྲོས་ནས་༡༡༢༧ལོར་སྲིད་དབང་གསར་དུ་བཙུགས་པའི་མིང་ལ་ནན་སུང(南宋)སྟེ་སུང་ལྷོ་མ་ཟེར། རྒྱལ་ས་ནི་ཐོག་མར་ནན་ཅིན་ཡིན་ཀྱང་རྗེས་སུ་ཅིན་ཡན(建炎)ལོ་གསུམ་པ་ས་བྱ(༡༡༢༩)ལོར་ཀྲེ་ཅང་ཞིང་ཆེན་གྱི་ལིན་ཨན(临安)དེང་སང་གི་ཧང་ཀྲེའུ(杭州)ལ་སྤོས། ཧྲའོ་ཤིན(绍兴)ཁྲི་ལོ་བཅུ་གཅིག་པ་ལྕགས་བྱ(༡༡༤༡)ལོར་ཅིན་རྒྱལ་རབས་ལ་མགོ་བཏགས་ཞུས། རྒྱལ་རབས་འདིར་གོང་མ་མི་རབས་དགུ་བྱུང་བ་ནི། ༡སུང་ཀའོ་ཙུང༌། ༢སུང་ཤའོ་ཙུང༌། ༣སུང་ཀོང་ཙུང༌། ༤སུང་ཉིང་ཙུང༌། ༥་སུང་མི་ཙུང༌། ༦སུང་ཏུའུ་ཙུང༌། ༧སུང་ཀོང་ཙུང༌། ༨སུང་ཏུའན་ཙུང༌། ༩སུང་ཀྲའོ་བིང་བཅས་ཡིན་ཅིང༌། རབ་བྱུང་གཉིས་པའི་མེ་ལུག(༡༡༢༧)ལོ་ནས་རབ་བྱུང་ལྔ་པའི་ས་ཡོས(༡༢༧༩)ལོ་བར་ལོ་བརྒྱ་དང་ལྔ་བཅུ་ང་གསུམ་རིང་སྲིད་དབང་བཟུང་ཞིང༌། མཐར་གོང་མ་མི་རབས་དགུ་པ་སུང་ཀྲའོ་བིང་གི་ཞིའང་ཤིན(祥兴)ཁྲི་ལོ་གཉིས་པ་ས་ཡོས(༡༢༧༩)ལོར་ཡོན་རྒྱལ་རབས་ཀྱི་གོང་མ་ཧུ་པེ་ལིས་སུང་ལྷོ་མར་དམག་དྲངས་ནས་གཏོར་བ་ཡིན།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།