Jump to content

ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་

ཡོང་ཁུངས་Wikipedia
1240-1313

ཇོ་ནང་ཆོས་བརྒྱུད་ཀྱི་རྨིང་གཞི་ཐོག་མར་མཛད་པ་པོ་སྟེ། དཔལ་གསང་བ་འདུས་པ་དང་ལམ་འབྲས་ཀྱི་ཉམས་ལེན་པ་སྤྱི་དང་། ལྷག་པར་དཔལ་དུས་ཀྱི་འཁོར་ལོའི་རྣལ་འབྱོར་བ་ཆེན་པོ་ཞིག་ཡིན། བོད་དུ་དཔལ་གསང་བ་འདུས་པ་དང་ལམ་འབྲས་བླ་མ་བརྒྱུད་པའི་ནང་གི་གཅིག་ཡིན། ཁོང་ནི་གཙང་སྟོད་མདོག་གི་དང་བ་ཕྱར་དུ་རབ་བྱུང་བཞི་པའི་ལྕགས་བྱི་(༡༢༤༠)ལོར་སྐུ་འཁྲུངས། ས་སྐྱ་དང་འདར་སོགས་དབུས་གཙང་གི་གྲྭ་ས་ཕལ་ཆེ་བར་སློབ་གཉེར་མཛད། འདར་དང་དོན་མོ་རི། སྐྱང་འདུར་བཅས་ཀྱི་ཟུར་ཆོས་པ་དང་ཆོས་དཔོན་མཛད། ཀུན་མཁྱེན་ཆོས་སྐུ་འོད་ཟེར་ལ་མངའ་བའི་ཆོས་རྒྱུན་ཐམས་ཅད་གསན་ཅིང་། སྤྱིར་སྦྱོར་བ་ཡན་ལག་དྲུག་གི་ཁྲིད་རྒྱུན་མི་འདྲ་བ་ཁག་བཅུ་བདུན་ཙམ་གསན་ནས་ཉམས་བཞེས་མཛད། ཆོས་འཆད་ཉན་སོགས་ཀྱི་སྤྲོས་པ་མི་མཛད་པར་སྒོམ་སྒྲུབ་གཙོ་བོར་མཛད་པས་ཀུན་སྤངས་པ་ཞེས་མཚན་ཐོགས། སྐུ་ཚེའི་སྨད་དུ་ཇོ་ནང་གི་དགོན་པ་ཕྱག་བཏབ་ནས་གཙོ་ཆེར་གནས་དེ་ཉིད་དུ་བཞུགས་ཏེ་བཤད་པ་དང་གདམས་ངག་གཉིས་ཀའི་སློབ་མ་མང་དུ་བསྐྱངས་པས་ཇོ་ནང་པའི་བརྒྱུད་འཛིན་ཐོག་མར་བྱུང་། དགུང་གྲངས་དོན་བཞིར་ཕེབས་པ་རབ་བྱུང་ལྔ་པའི་ཤིང་བྱི(༡༣༡༣)ལོའི་དཔྱིད་འབྲིང་ནག་པ་ཟླ་བའི་ཚེར་ཉེར་ལྔ་དགོངས་པ་མྱ་ངན་ལས་འདས། སློབ་མ་ཀུན་སྤངས་བུ་བཞི་བྱུང་། བྱང་སེམས་རྒྱལ་བ་ཡེ་ཤེས། ལ་སྟོད་པ་དབང་རྒྱལ། མུན་ལེ་བྲག་ཁ་བ་གྲགས་པ་སེང་གེ སྟོན་པ་ཀུན་རྒྱུལ། གཞན་ཡང་བར་དོ་འཕྲང་གྲོལ་མཛད་པ་པོ་གཙང་ནག་ཕུག་པ་ཐུགས་རྗེ་སེང་གེ་སོགས་ཀྱང་བྱོན། ལོ་རྒྱུས་ཅུང་ཟད་རྒྱས་་པ《ཇོ་ནང་ཆོས་འབྱུང》ལྕགས་དཔར་མའི་ཤོག་གྲངས་༢༠ནས༢༡བར་གསལ།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས། གཞན་ཡང་འཁྲུངས་འདས་ཀྱི་ལོ་ཚིགས་ནི་ཀུན་མཁྱེན་དོལ་པོའི་གསུང་འབུམ་དང་ཇོ་ནང་གནས་བཤད་ལས་བཏུས།