Jump to content

ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་པ་བློ་བཟང་འཇམ་དབྱངས་ཡེ་ཤེས་བསྟན་པའི་རྒྱལ་མཚན་

ཡོང་ཁུངས་Wikipedia

རྗེ་འདི་ཉིད་ལི་ཐང་གྲོང་ཚོ་བརྒྱད་ཀྱི་ནང་ཚན་མཚེ་མ་གྲོང་ཞེས་བྱ་བར་ཡབ་མགོན་པོ་དོན་འགྲུབ་དང་ཡུམ་གུ་རུ་ལྷ་འཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་མེ་འབྲུག། (༡༩༡༦)ལོའི(ཀྲུང་ཧྭ་མིང་གོ་སྲིད་ལོ་ལྔ་པ)ཧོར་ཟླ་གསུམ་པའི་ཚེས་བཅུ་གཉིས་ཉིན་སྐུ་བལྟམས། ས་ལུག་ལོར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ནས་རྗེ་འདི་ཉིད་ཡང་སྤྲུལ་འཁྲུལ་མེད་དུ་ངོས་འཛིན་མཛད་དེ་བློ་བཟང་འཇམ་དབྱངས་ཡེ་ཤེས་བསྟན་པའི་རྒྱལ་མཚན་ཞེས་མཚན་གསོལ། འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་ནས་དགེ་བསྙེན་དང་རབ་བྱུང་གི་ཚུལ་ཁྲིམས་ཡང་དག་པར་བཞེས། འཇིགས་མེད་འཕྲིན་ལས་རྒྱ་མཚོའི་སྤྱན་སྔར་དགེ་ཚུལ་གྱི་སྡོམ་པ་མནོས། དགུང་གྲངས་དགུ་པ་ཤིང་བྱི་ལོར་པཎ་ཆེན་རིན་པོ་ཆེ་ལན་ཇུ་ལ་ཕེབས་པར་མཇལ་འཛོམས་དང་སྦྲགས་ཡུལ་སྤྱིའི་བདེ་སྡུག་རྒྱུ་རྐྱེན་སོགས་ཙོང་ཏུ་ལུའུ་ཏཱ་ཧྲུ་ལ་སྙན་སྒྲོན་ཞུ་བ་དང་འབྲེལ་ཆིབས་བསྒྱུར་མཛད། འདིའི་སྐབས་ནས་བཟུང་སྐུ་མཆེད་བློ་བཟང་ཚེ་དབང་པ་ངོ་འཁོར་ཧྲག་བསྡུས་སླར་ཡང་ལན་ཇུར་ལོ་ངོ་གསུམ་ཙམ་རིང་རྒྱུན་བཞུགས་ཀྱིས་ཙོང་ཏུ་ལ་སྔར་གྱི་རྒྱུ་མཚན་དང་འབྲེལ་འཁྲུག་ཟིང་གིས་ཡུལ་ཁམས་འཕུང་བཞིན་ཡོད་ཚུལ་སོགས་ནན་ཆགས་སུ་བསྟུད་མར་ཞུས་པའི་མཐར་བླ་བྲང་རང་གི་ཆོས་སྲིད་ཟུང་འབྲེལ་གྱི་བྱ་བཞག་ཐམས་ཅད་སྔར་སྲོལ་ལྟར་སོར་ཆུད་འཇགས་གནས་གང་ལེགས་དང་ས་གནས་སྡེ་རིས་བཅས་དེང་ནས་བཟུང་ཞིང་ཆེན་ལན་ཇུའི་མངའ་ཁོངས་སུ་བཅུག་སྟེ་འཕྲལ་ཡུན་གྱི་བགྱི་བ་མཐའ་དག་ལེགས་ལམ་བྱུང་། དགུང་གྲངས་བཅུ་གཉིས་པ་མེ་ཡོས་ལོར་རྗེ་ཉིད་ཀྱི་ཕུ་བོ་བློ་བཟང་ཚེ་དབང་པ་ལ་ཀྲུང་དབྱང་རྒྱལ་ཁབ་ཆེན་པོ་ནས་སི་ལིང(司令)གི་གོ་གནས་དང་ཐམ་ག་ཕེབས། དགུང་གྲངས་བཅུ་གསུམ་པར་རྒྱུད་སྟོད་གྲྭ་ཚང་གསར་འཛུགས་ཀྱི་བཅའ་ཡིག་བཀའ་རྩོམ་མཛད་དེ་གསང་ཆེན་རྡོ་རྗེ་ཐེག་པའི་བསྟན་པ་མི་ནུབ་གོང་འཕེལ་དུ་རྒྱས་པའི་ཐུགས་སྨོན་གནང་། དེ་ནས་དགུང་གྲངས་ཉེར་གཉིས་པའི་བར་ལོ་བཅུའི་རིང་ལ་ཡོངས་འཛིན་རིན་པོ་ཆེ་གཙོས་ཚུལ་ཁྲིམས་རྒྱ་མཚོ་དང་ཐེ་བོ་དཀོན་མཆོག་སོགས་མཚན་ཞབས་པ་བརྒྱད་དང་བཅས་བཀའ་པོད་ལྔའི་གསན་སྦྱངས་མཐར་ཕྱིན་པར་མཛད། ཆུ་བྱ་ལོའི་ཧོར་ཟླ་བཅུ་གཅིག་པའི་ཚེས་ལྔ་ལ་རྒྱལ་དབང་མཆོག་དག་ཞིང་དུ་དགོངས་པ་གཏད་ཚུལ་གསན་འཕྲལ་མཆོད་འབུལ་རྒྱ་གང་ཆེ་ངོས་ཡང་སྲིད་མྱུར་གསལ་གྱི་གསོལ་འདེབས་མཚམས་སྦྱོར་ནན་ཏན་མཛད། འདི་སྐབས་རྗེ་ཉིད་ཀྱི་ཕུ་བོ་བློ་བཟང་ཚེ་དབང་པཎ་ཆེན་རིན་པོ་ཆེ་འཚམས་ཞུར་གདན་འདྲེན་དང་ཨུ་ཡོན་ཀྲང་ཅང་ཅེ་ཧྲིར་འཚམས་ཞུ་འབུལ་བར་ནན་ཅིན་དུ་ཕེབས་ཏེ་པཎ་ཆེན་རིན་པོ་ཆེ་ནས་གདན་ཞུ་ཕུལ་བར་ཞལ་བཞེས་མཛད་པ་དང་ཨུ་ཡོན་ཀྲང་ཅང་ཅེ་ཧྲིས་འཚམས་ཞུ་ཕུལ་བར་དགྱེས་པའི་བཀའ་ཕེབས་པ་དང་འབྲེལ་སྐུད་མེད་གློག་འཕྲིན་དང་མེ་མདའ་སུམ་བརྒྱ་སོགས་བསྩལ་བ་མ་ཟད། ཀུན་མཁྱེན་སྐུ་ཕྲེང་ལྔ་པར་རྒྱལ་ཁམས་ཕན་ལྡན་རྒྱལ་བསྟན་སྤེལ་མཛད་བཙུན་པ་འཇམ་དབྱངས་བཞད་པ་ཧུ་ཐོག་ཐུ་ཞེས་པའི་གཟེངས་བསྟོད་བགྱིས་པ་ཡིན་ཅེས་གསེར་ཐམ་དང་ཤེད་བམ་བསྩལ། རབ་རྒྱལ་མེ་བྱི་ཧོར་ཟླ་དྲུག་པའི་ཚེས་བཅུར་པཎ་ཆེན་རིན་པོ་ཆེས་མཁན་སློབ་སྦྲགས་མ་མཛད་དེ་བསྙེན་རྫོགས་ཀྱི་སྡོམ་པ་ཡང་དག་པ་བཞེས། དགུང་ལོ་ཉེར་གཉིས་བཞེས་པ་མེ་གླང(༡༩༣༧)ལོའི་ཧོར་ཟླ་ལྔ་པའི་ཚེས་ལྔ་ལ་དབུས་གཙང་དུ་ཆིབས་བསྒྱུར་མཛད་ཅིང་། ཧོར་ཟླ་བཅུ་པ་རྗེས་མའི་ཚེས་དགུར་བོད་གཞུང་དང་། རྒྱལ་ཚབ་རྭ་སྒྲེང་བླ་བྲང་། འབྲས་བླ་སྤྱི། སྒོ་མང་གྲྭ་ཚང་། ཧ་གདོང་ཁམས་ཚན། དབལ་ཤུལ་མི་ཚན། སེ་ར་བྱེ་གཞུང་བཅས་ཀྱི་ཐབ་བསུ། གཞུང་ས་ནས་རྩེ་ཤོད་ལས་ཚན། འབྲས་སྤུངས་མཁན་པོ་ཁག་སོགས་ཆིབས་བསུ་དང་བཅས་ལྷ་ལྡན་དུ་ཕྱག་ཕེབས། འབྲས་སྒོ་མང་གྲྭ་ཚང་དུ་ཆོས་བཞུགས་མཛད་དེ་ཁང་གསར་རིན་པོ་ཆེ་ཡོངས་འཛིན་དུ་བསྟེན་ཏེ་ཆོས་གྲྭ་ཆག་མེད་ངོས་གཞུང་ཤེར་ཕྱིན་ལ་ཐོས་བསམ་ཕུ་ཐག་ཆོད་པ་མཛད་པས་གཞུང་ལུགས་རྒྱ་མཚོའི་ཕ་མཐར་སོན། ལྕགས་འབྲུག(༡༩༤༠)ལོའི་ཧོར་ཟླ་དང་པོའི་ཚེས་བཅུར་ལྷ་ས་ནས་ཕེབས་རྡོག་ཐོན་ཏེ་ཧོར་ཟླ་དྲུག་པའི་ཚེས་བཅུ་གསུམ་ལ་བླ་བྲང་དུ་ཕྱག་ཕེབས། རྒྱུད་ཁང་གསར་སྐྲུན་ལེགས་བསྒྲུབས་མཛད་པར་ཀྲུང་དབྱང་དང་ཅང་ཨུ་ཡོན་ཀྲང་ནས་དྷ་སྒོར་བདུན་ཁྲི། ལན་ཇུ་ཙུའུ་ཀྲུ་ཤིས་ནས་དྷ་སྒོར་སུམ་སྟོང་གནང་བ་སོགས་ཀྲུང་དབྱང་རྒྱལ་ཁབ་ནས་གཟིགས་པ་ཆེ། དགུང་ལོ་ཉེར་བརྒྱད(༡༩༤༣)པར་ཅང་ཅེ་ཧྲི་གོ་མིན་སྲིད་གཞུང་གི་ཀྲུའུ་ཞིར་མངའ་གསོལ་བའི་དགའ་སྟོན་འབུལ་ཕྱིར་ཕུ་བོ་བློ་བཟང་ཚེ་དབང་དང་སྐུ་མཆེད་དབལ་མང་སྤྲུལ་སྐུ། ནུ་གུ་སྤྲུལ་སྐུ་སོགས་ཁྲུང་ཆིང་དུ་ཆེད་བསྐྱོད་ཀྱིས་ཅང་ཅེ་ཧྲིར་མཁའ་ལྡིང་གྲུ་སུམ་ཅུ་ལེགས་འབུལ་བསྟར་བར་དགྱེས་བཞེས་ཐོག་རྗེ་ཉིད་ལ་རྒྱ་གཞུང་བོད་སོག་ལས་ཁུངས་ཀྱི་ལེགས་ཉེས་སྟངས་འཛིན་དུ་གཟེངས་བསྟོད་ཀྱི་གསེར་ཡིག་དང་། སྐུ་མཆེད་བློ་བཟང་ཚེ་དབང་ལ་ཀྲུང་དབྱང་ཨུ་ཡོན་གྱི་གོ་གནས་བསྩལ། དགུང་ལོ་སོ་གཅིག་པ་མེ་ཁྱི་ལོར་ཅང་ཅེ་ཧྲི་དགུང་ལོ་དྲུག་ཅུ་བཞེས་པའི་པ་ཡར་ལ་ཚོགས་ཆེན་འདུ་ཁང་ཀི་རྭ་བར་མཆོད་སྤྲིན་སྣ་ལྔ་ཁྲི་ཚོར་འབུལ་བཤམས་དང་འབྲེལ་ཞབས་རིམ་རྒྱས་པར་གནང་བ་དང་འབྲེལ་ལེགས་མཚོན་འབུལ་བར་ཕུ་བོ་བློ་བཟང་ཚེ་དབང་ངོ་འཁོར་ནན་ཅིན་དུ་ཆེད་བསྐྱོད་ཞབས་བཅར་ཞུས་ཏེ་དགོངས་འབྲེལ་ཀྲུང་ཀྲན་ཞོ་ཐང་འཛུག་འབུལ་སོགས་ཞུས་པས་དགྱེས་གཟིགས་བརྩེ་སྐྱོང་བླ་ན་མེད་པ་བསྩལ། དེ་ལྟར་བསྟན་འགྲོའི་བདེ་སྐྱིད་གོང་འཕེལ་གྱི་མཛད་པ་རླབས་ཆེ་བའི་ངང་དུ་བཞུགས་བཞིན་པ་ལས་གློ་བུར་དུ་དགུང་གྲངས་སོ་གཉིས་མེ་ཕག(༡༩༤༧)ལོའི་ཧོར་ཟླ་གཉིས་པ་ཕྱི་མའི་ཉེར་གསུམ་ལ་སྐུ་གཤེགས། བོད་གཞུང་ནས་མཁན་ཆུང་ཐུབ་བསྟན་བཟང་པོ་དང་ལོ་ཙཱ་བ་བྱམས་པ་ངག་དབང་ངོ་འཁོར་དང་ཅང་ཅེ་ཧྲི་ནས་བོད་སོག་ལས་ཁུངས་ཀྱི་ཨུ་ཡོན་ཀྲང་གཞོན་པ་ཤེས་རབ་ཏཱ་ཟི་ངོ་གཡོག་རྫོང་ཕེབས་བཅས་གདུང་མདུན་དུ་ཆོ་ག་རྒྱས་པར་བསྒྲུབས་སོ། །
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།