ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོ་ངག་དབང་བརྩོན་འགྲུས་

ཡོང་ཁུངས་Wikipedia

རབ་བྱུང་བཅུ་གཅིག་པའི་ས་བྱི(༡༦༤༨)ལོའི་ཧོར་ཟླ་དང་པོའི་ཚེས་བརྒྱད་ཉིན་རྒན་གྱའི་རྟིང་རིང་ལྷས་ཁྲ་ཏིང་ཟེར་བར་བོད་རུས་ཆེན་བཞིའི་ཡ་གྱལ་ལྡོང་ཤུལ་ཆེན་བཅོ་བརྒྱད་ཀྱི་ནང་ཚན་དབལ་ཤུལ་གྱི་རྒྱུད་དུ་ཡབ་དཔའ་འབུམ་རྒྱལ་དང་ཡུམ་ཐར་མོ་བྱམས་གཉིས་ཀྱི་སྲས་སུ་སྐུ་བལྟམས། དགུང་ལོ་བཅུ་གསུམ་ལ་འདུལ་འཛིན་ཁྱུ་མཆོག་ཡེ་ཤེས་རྒྱ་མཚོའི་སྤྱན་སྔར་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་ཉེར་གཅིག་པར་དབུས་གཙང་དུ་ཆིབས་བསྒྱུར་མཛད། ལྷ་སར་ཕེབས་ནས་མཆོད་མཇལ་སྐབས་ཇོ་བོ་ཤཱཀྱ་མུ་ནེ་དང་འཇམ་དབྱངས་གྱང་ཐིམ་མ་གཉིས་ཀྱིས་སྙན་དར་ཕྱག་གིས་བཞེས་ཤིང་ཞལ་འཛུམ་མཛད་པའི་གཟིགས་སྣང་བྱུང་། དགུ་པའི་ཉེར་ལྔ་ཉིན་དཔལ་ལྡན་བཀྲ་ཤིས་སྒོ་མང་གི་ཆོས་གྲྭར་ཞུགས་ཏེ་དེ་ནས་དགུང་ལོ་ཉེར་དགུ་བར་ལྕང་སྐྱ་ངག་དབང་ཆོས་ལྡན་དང་སྙེ་ཐང་པ་ཤེས་རབ་སྦྱིན་པ་སོགས་བསྟེན་ཏེ་བཀའ་པོད་ལྔས་མཚོན་གཞུང་ལུགས་རབ་འབྱམས་ལ་དཔེ་གཟིགས་དོགས་གཅོད་ཞུ་བ་སོགས་ཀྱིས་ཉིན་མཚན་འདའ་བར་མཛད། དགུང་ལོ་ཉེར་བདུན་ཐོག་ཀུན་གཟིགས་ལྔ་པ་ཆེན་པོའི་སྤྱན་སྔར་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་དགུ་ལོར་རྒྱུད་སྨད་གྲྭ་ཚང་དུ་ཞུགས་ཏེ་ལོ་བཞིའི་རིང་ལ་ཆོས་གྲྭ་ཆག་མེད་ངོས་རྒྱུད་དོན་མ་ལུས་པ་ཐུགས་སུ་ཆུད། རྒྱུད་ཆེན་དཀོན་མཆོག་ཡར་འཕེལ་དང་། ཁྲི་རྒྱ་ནག་པ་བློ་གྲོས་རྒྱ་མཚོ། མེ་རྒན་བླ་མ་ངག་དབང་བློ་གྲོས། ཕྲེང་བ་པ་ཕུན་ཚོགས་ལེགས་འབྱོར། ཉག་རི་མཁན་ཆེན་ཆོས་ཀྱི་གྲགས་པ་སོགས་མཁས་གྲུབ་གཉིས་འཛོམས་ཀྱི་བླ་མ་མང་པོ་བསྟེན་སྟེ་བདེ་གསང་འཇིགས་གསུམ་མི་ཏྲ་རྡོར་ཕྲེང་སོགས་སྤྱི་ཟུར་གྱི་དབང་བཀའ་མང་པོ་དང་རིན་འབྱུང་བརྒྱ་རྒྱམ་སོགས་རྗེས་གནང་ལམ་རིམ་ཆེ་ཆུང་བསྐྱེད་རྫོགས་མན་ངག་གསུམ་སོགས་མདོ་སྔགས་ཀྱི་བཤད་ཁྲིད་བཀའ་བསྟན་སོགས་རྒྱ་བོད་ཀྱི་གཞུང་མང་པོའི་བཀླག་ལུང་མཐའ་ཡས་པ་གསན་ཏེ་མདོ་སྔགས་ཡོངས་རྫོགས་ཀྱི་བསྟན་པའི་བདག་པོར་གྱུར། དེ་ལྟར་མདོ་སྔགས་ཀྱི་གསན་སྦྱངས་མཐར་ཕྱིན་པ་ན་ཚེ་འདིའི་འཁྲི་བ་བཙན་ཆོད་དུ་སྤངས་ཏེ་སྒྲུབ་པ་སྙིང་པོར་བྱེད་པ་ཁོ་ན་ཐུགས་ལ་བཅགས་ཏེ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མངའ་རིས་མཐོ་ལྡིང་ངམ་དགའ་ལྡན་གྱི་གསེར་ཁྲི་མཛད་དགོས་ཚུལ་དང་། སྒོ་མང་དང་རྒྱུད་ཀྱི་མཁན་པོའི་འོས་བབས་ཕུལ་བ་རྣམས་ཀྱང་ཞལ་བཞེས་མ་གནང་བར་དགུང་ལོ༣༣ནས༥༣བར་གནས་མཆོག་རི་བོ་དགེ་འཕེལ་དུ་ཐུགས་དམ་ཉམས་བཞེས་ཀྱིས་སྐལ་ལྡན་གྱི་འདུལ་བྱ་མཐའ་ཡས་པར་དབང་ལུང་མན་ངག་བཤད་ཁྲིད་སོགས་ཟབ་རྒྱས་ཀྱི་གདམས་པ་བསམ་གྱིས་མི་ཁྱབ་པ་བསྩལ། དགུང་ལོ་ང་གསུམ་པ་ལྕགས་འབྲུག(༡༧༠༠)ལོར་སྒོ་མང་གྲྭ་ཚང་ནས་གཞུང་ལ་ནན་ཆེར་ཞུས་པ་ལྟར་རྒྱལ་མཆོག་ནས་བཀའ་ནན་ཕེབས་པས་སྒོ་མང་བླ་མ་ཅིས་ཀྱང་མཛད་དགོས་བྱུང་། དེ་ནས་དགུང་ལོ་དྲུག་ཅུའི་བར་སྒོ་མང་བླ་མ་མཛད་རིང་གཞུང་ལུགས་རྒྱ་མཚོའི་དགོངས་དོན་ལ་ནང་བྱན་ཆུད་པའི་དགེ་བཤེས་ཀྱིས་ས་སྟེང་ཁྱབ། དགུང་ལོ་དྲུག་ཅུ་པ་མེ་ཕག(༡༧༠༧)ལོར་ཟུར་བཞུགས་མཛད་པ་ལ་ལྷ་བཟང་ཧན་གྱིས་ཕ་བོང་ཁའི་གདན་ས་ཕུལ། སྐབས་དེར་ཨེ་རྟི་ནི་ཇུ་ནང་གིས་དགོན་གསར་འདེབས་ཀྱི་ཆེད་དུ་མདོ་སྨད་དུ་གདན་དྲངས་པ་ལྟར་ས་མོ་གླང(༡༧༠༢)ལོའི་ཧོར་ཟླ་དྲུག་པའི་ནང་ཆིབས་ཀྱི་ཁ་ལོ་བསྒྱུར་ཐོག་ཟླ་དགུ་པའི་ནང་རྩེ་གཞུང་ས་ཡི་ཐིག་ལེར་ཞབས་ཀྱི་པདྨོ་བཀོད། དཔོན་ཚང་ནས་གཙོས་དད་ལྡན་གྱི་སྐྱེ་བོ་སྤྲིན་ལྟར་འདུས་པས་ཟང་ཟིང་གི་འབུལ་བ་ཆར་བབ་པ་ལྟ་བུ་བྱུང་། ལྕགས་སྟག(༡༧༡༠)ལོའི་ཧོར་ཟླ་གསུམ་པའི་ཚེས་བཅོ་ལྔར་སྔ་དྲོ་གསོ་སྦྱོང་མཛད་དེ་གུང་ཚིགས་སྐབས་དཔོན་ཚང་ནས་གྲྭ་པ་བཅོ་ལྔ་ཕུལ་བ་དང་བཅས་དགེ་འདུན་བརྒྱ་ཕྲག་ལྷག་ལ་ལམ་རིམ་གྱི་དབུ་ནས་གསུང་ཆོས་མདོར་བསྡུས་ཤིག་བསྩལ། བཞི་པའི་ཚེས་ལ་རྒྱལ་དབང་མཆོག་ནས་སྒོ་མང་ཨེ་རྟི་ནི་ནོ་མིན་ཧན་ཞེས་པའི་མཚན་དང་དབུ་གདུགས་ཐམ་ག་སོགས་ཆེན་པོར་འོས་པའི་བཀའ་ཡིས་གཟེངས་བསྟོད་མཛད་པ་འབྱོར། བདུན་པ་ཕྱི་མའི་ཚེས་ལ་དཔོན་ཚང་ནས་ཕྱིང་གུར་གྲུ་བཞི་ཚོགས་པ་བརྒྱད་བརྒྱ་ཤོང་བ་ཞིག་ཕུལ་བ་ཚོགས་གུར་བྱས། དེ་ནས་དགོན་ལུང་དུ་ཕེབས་ནས་རྒྱུད་གྲྭ་གསར་འཛུགས་མཛད་དེ་ཆོས་སྲིད་གཉིས་ཆར་གྱི་སྤྱན་བསྐྱངས་བླ་ན་མེད་པ་མཛད། ལྕགས་བྱི(༡༧༢༠)ལོའི་ཧོར་ཟླ་དྲུག་པའི་ཚེས་ཉེར་དགུ་ལ་གོང་མ་ཁང་ཤིས་རྒྱལ་པོ་ནས་རྗེ་འདི་ལ་བསྟན་པ་འཛིན་ཅིང་སྐྱོང་བར་བྱེད་པའི་པཎྚི་ཏ་ཨེ་རྟི་ནི་ནོ་མིན་ཧན་ཞེས་པའི་ཆོ་ལོ་དང་། གསེར་ཐམ། གསེར་ཡིག་སོགས་ཀྱི་གཟེངས་བསྟོད་གནང་བ་འབྱོར། དགུང་ལོ་དོན་བཞི་པ་ལྕགས་གླང(༡༧༢༡)ལོའི་ཧོར་ཟླ་དང་པོའི་ཚེས་བའི་ནས་བསྙུང་ཚུལ་བསྟན་པ་ན་བླ་སློབ་དཔོན་འབངས་སྤྱི་སྒེར་ནས་ཞབས་བརྟན་ཕོན་ཆེར་བསྒྲུབས་ཏེ་བརྟན་གསོལ་ཡང་ཡང་ཕུལ་ཀྱང་བླ་མས་འཆད་ཉན་དང་གྲྭ་ཚང་གིས་སྒྲིག་ལམ་གང་ཅིར་མི་ཉམས་གོང་འཕེལ་ཡོང་བ་གྱིས་ཤིག་གསུང་བ་ཙམ་ལས་གསུང་ལན་གཞན་ནང་བར་ཧོར་ཟླ་གཉིས་པའི་ཚེས་ལྔའི་ཉིན་ཧིག་མཐོན་པོ་ཞིག་མཛད་དེ་མྱ་ངན་ལས་འདས་པའི་ཚུལ་བསྟན་ནས་བདུན་ཕྲག་གཅིག་གི་རིང་ཟག་མེད་ཀྱི་ཏིང་ངེ་འཛིན་ལ་རོལ་བར་མཛད།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།