Jump to content

ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་གསུམ་པ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་

ཡོང་ཁུངས་Wikipedia

རྗེ་འདི་ཉིད་ནི་མདོ་སྨད་ལྷོ་རྒྱུད་རེབ་སྐོང་གསེར་མོ་ལྗོངས་སུ་གཉན་ཐོག་འབྲོག་ཞེས་བྱ་བའི་ཡུལ་དུ་གཉན་ཐོག་དཔོན་ཐོའུ་པཱ་ཙོང་དུ་གྲགས་པའི་དཔོན་རབས་ཀྱི་རིགས་སུ་ཡབ་ཀླུ་འབུམ་རིན་ཆེན་རྒྱ་མཚོ་དང་ཡུམ་ཤ་སྦྲང་མཁར་མོ་སྐྱིད་ཅེས་བྱ་བའི་སྲས་སུ་ཆན་ལུང་ཁྲི་ལོ་ང་བདུན་པ་རབ་འདོད་ཆུ་བྱི(༡༧༩༢)ལོའི་ཧོར་ཟླ་བརྒྱད་པའི་ཡར་ཚེས་སུ་སྐུ་བལྟམས། རྒྱལ་དབང་ཡབ་སྲས་ཟུང་དང་། གོང་མ་ཅ་ཆིང་། ཐུའུ་བཀྭན་ཆོས་ཀྱི་ཉི་མ་སོགས་ཀྱིས་ཐུགས་ཁུར་ཆེ་བཞེས་མཛད་དེ་ལྷ་སར་ཇོ་བོ་ཤཱཀྱ་མུ་ནི་སོགས་རྟེན་གཙོ་ཁག་གི་སྤྱན་སྔར་མཚན་བྱང་དཀྲུགས་པར་འདི་ཉིད་ལ་འཁྲུལ་མེད་ངེས་རྙེད་བྱུང་སྟེ་ས་རྟ(༡༧༩༨)ལོའི་ཧོར་ཟླ་དང་པོའི་ཚེས་བཅུའི་ཉིན་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གསེར་ཁྲིར་མངའ་གསོལ། དགུང་ལོ་བཅུ་གཉིས་པ་ནས་མཚན་ཉིད་གསན་སྦྱོང་མཛད། དགུང་ལོ་བཅུ་གསུམ་པར་འཇམ་དབྱངས་བླ་མ་དཀོན་མཆོག་བསྟན་པའི་སྒྲོན་མེའི་ཞལ་སྔ་ནས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་བཅུ་དྲུག་པར་ཐུའུ་བཀྭན་བླ་བྲང་ནས་གདན་ཞུ་ཕུལ་བ་ལྟར་དགོན་ལུང་དུ་ཕྱག་ཕེབས་ཏེ་གནས་དེར་བཞུགས་རིང་གཞིས་བྱེས་སེར་སྐྱ་གྲངས་མེད་པར་ཆོས་སྦྱིན་སོགས་ཀྱི་རེ་བ་བསྐངས། དགུང་ལོ་བཅོ་བརྒྱད་པ་ས་སྦྲུལ་ཧོར་ཟླ་ལྔ་པའི་ཡར་ཚེས་ལ་དབུས་ཕྱོགས་སུ་ཆིབས་བསྒྱུར་མཛད་དེ་ཧོར་ཟླ་བརྒྱད་པའི་ཚེས་ལ་ལྷ་སར་ཕྱག་ཕེབས། ཇོ་ཤཱཀྱ་རྣམ་གཉིས་སོགས་རྟེན་གཙོ་ཁག་ལ་མཆོད་འབུལ་དང་རྒྱལ་དབང་ཡབ་སྲས་ཟུང་ལ་འབྱོར་ཕྱག་ཐོག་དངོས་འབུལ་རྒྱ་ཆེ་བསྟར་བས་མཚོན་སྐྱེས་ཆེན་དམ་པ་རྣམས་ལ་དངོས་འབུལ་གྱི་མཆོད་སྤྲིན་སྤྲོས། ཧོར་ཟླ་བཅུ་པའི་ནང་གདན་ས་ཆེན་པོ་གསུམ་སོགས་དགེ་འདུན་གྱི་སྡེ་རྣམས་སུ་མང་འགྱེད་དང་ཐུགས་སྨོན་གྱི་མཚམས་སྦྱོར་མཛད། འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་བཞུགས་གནང་ནས་ཀླུ་འབུམ་ངག་དབང་ཚུལ་ཁྲིམས་དང་སྒོ་མེ་བློ་བཟང་ཆོས་འཛིན་གཉིས་ཡོངས་འཛིན་དུ་བསྟེན་ཏེ་སློབ་གཉེར་དཔྱིས་ཕྱིན་པར་མཛད། ཆུ་སྤྲེལ(༡༨༡༢)ལོར་གཙང་དུ་ཕེབས་ནས་པཎ་ཆེན་ཐམས་ཅད་མཁྱེན་གཟིགས་མཆོག་གི་སྤྱན་སྔ་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། སྐྱབས་མགོན་རྒྱལ་བའི་དབང་པོའི་སྤྱན་སྔར་ཆོས་བཀའ་ཅི་རིགས་གསན་ཅིང་། རྒྱལ་དབང་མཆོག་ནས་དབུ་གདུགས་རྟ་དར་འབོབ་ལྕགས་སོགས་མཁན་ཆས་ཀྱི་གཟེངས་བསྟོད་དཔེ་ཟླ་མེད་པ་མཛད། དགུང་ལོ་ཉེར་གཉིས་པ་ཆུ་བྱ(༡༨༡༣)ལོའི་ཧོར་ཟླ་ལྔ་པའི་ཚེས༡༣་ཉིན་མདོ་སྨད་དུ་ཕེབས་རྡོག་ཐོན་ཏེ་ཧོར་ཟླ་དགུ་པའི་ཡར་ཚེས་ལ་གདན་ས་ཆེན་པོར་ཕྱག་ཕེབས། དེ་ནས་རིམ་གྱིས་གསེར་དགོན། ཆུ་བཟང་། དགོན་ལུང་། སྐུ་འབུམ། བྱ་ཁྱུང་སོ་སོ་ནས་གདན་ཞུ་ཕུལ་བ་ལྟར་ཕེབས་ཏེ་ལམ་རིམ་དང་དྲང་ངེས་ཀྱི་བཤད་པ་སོགས་ཆོས་ཀྱི་བདུད་རྩི་རྒྱ་ཆེར་བསྩལ། དགུང་ལོ་རེ་བཞི་པ་ཤིང་ཡོས(༡༨༥༥)ལོར་གུང་ཐང་རིན་པོ་ཆེ་ཚོགས་ཆེན་ཁྲིར་བསྐོ་གཞག་དང་། ཧོར་ཚང་ཁྲི་ཆེན་ལ་རྒྱལ་ཚབ་མཛད་དགོས་དང་བླ་བྲང་དུ་སྤོར་དགོས་ཀྱི་བཀའ་ནན་སྩལ་ཏེ་ཧོར་ཟླ་དགུ་པའི་ཚེས༦གི་སྔ་དྲོ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་བར་མཛད་དོ། །
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།