ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་དཀོན་མཆོག་འཇིགས་མེང་དབང་པོ་

ཡོང་ཁུངས་Wikipedia
Jump to navigation Jump to search

རྗེ་དཀོན་མཆོག་འཇིགས་མེད་དབང་པོ་ནི་མདོ་སྨད་སྣང་རའི་གསེར་ཁང་གི་ཉེ་འདབས་གྲམ་པ་ནང་ཞེས་བྱ་བར་ལྡོང་གི་རིགས་ལས་སྟོང་འཁོར་བསོད་ནམས་རྒྱ་མཚོའི་གཅུང་གཅན་རྩའི་དཔོན་པོ་ངག་དབང་རྣམ་རྒྱལ་དང་ཟླ་ཀིའི་མཚན་ལྡན་གནམ་སྐྱིད་ཞེས་བྱ་བ་གཉིས་ཀྱི་སྲས་སུ་གནམ་བསྐོས་ཡུན་ཀྲིན་རྒྱལ་པོ་ཁྲི་ལོ་དྲུག་པ་རབ་བྱུང་བཅུ་གཉིས་པའི་ས་སྤྲེལ(༡༧༢༨)ལོའི་ཧོར་ཟླ་གསུམ་པའི་ཚེས་བརྒྱད་ཉིན་སྐུ་བལྟམས། དགུང་ལོ་བདུན་ལ་སྟོང་འཁོར་རིན་པོ་ཆེ་ནས་མཚན་ལ་སྒོ་བླ་ཞེས་གསོལ། སྐུ་ཞང་དགེ་སློང་བློ་གྲོས་རྒྱ་མཚོས་ཡི་གེ་འབྲི་ཀློག་དང་སུམ་རྟགས་སྔགས་ཀྱི་བཀླག་ཐབས་སོགས་བསླབ་པས་དཀའ་ཚེགས་མེད་པར་ཐུགས་སུ་ཆུད། དགུང་གྲངས་བཅུ་དྲུག་པ་ཆུ་ཕག་ཧོར་ཟླ་བདུན་པའི་ཚེས་བཅུ་གསུམ་ལ་བླ་བྲང་དགོན་དུ་ཆོས་བཞུགས་མཛད་ཐོག་འགྱིང་རོལ་ངག་དབང་བསྟན་འཛིན་ཡོངས་འཛིན་དུ་བསྟེན་ཏེ་སྨྲ་བའི་དབང་ཕྱུག་རིན་ཆེན་ཆོས་བཟང་སོགས་དགེ་བཤེས་དུ་མ་དང་ལྷན་གཅིག་བཀའ་པོད་ལྔའི་གསན་སྦྱོང་ཕུལ་དུ་ཕྱིན་པར་མཛད། དགུང་ལོ་ཉེར་གཉིས་པར་ལྕང་སྐྱ་རོལ་པའི་རྡོ་རྗེའི་སྤྱན་སྔར་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་པར་མཚན་དཀོན་མཆོག་འཇིགས་མེད་དབང་པོ་ཡེ་ཤེས་བརྩོན་འགྲུས་གྲགས་པའི་སྡེར་གསོལ། དགུང་གྲངས་ཉེར་ལྔ་པ་ལ་དབུས་གཙང་དུ་བྱོན་ཏེ་འབྲས་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་བཞུགས། ཀླུ་འབུམ་བློ་བཟང་དར་རྒྱས་པ་དགེ་རྒན་དུ་བསྟེན་ཅིང་། རྒྱལ་དབང་བློ་བཟང་སྐལ་བཟང་རྒྱ་མཚོ་དང་། པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས། དཔོན་སློབ་བྱམས་པ་རིན་པོ་ཆེ། ས་སྐྱ་བདག་ཆེན་ཀུན་དགའ་བློ་གྲོས་སོགས་མཁས་པ་དང་གྲུབ་པའི་སྐྱེས་ཆེན་དམ་པ་དུ་མའི་ཞབས་ལ་གཏུགས་ཏེ་ལོ་ངོ་བརྒྱད་ཀྱི་བར་དུ་ཕྱི་ནང་གི་གཡེང་བ་ཆེ་ཕྲ་མཐའ་དག་སྤངས་ཏེ་ཚ་གྲང་ལྟོགས་སྐོམ་སོགས་ལ་ཅི་མི་སྙམ་པར་དཀའ་སྤྱད་ཤུགས་དྲག་གི་སྒོ་ནས་དབུ་ཕར་མཛོད་འདུལ་རྣམ་འགྲེལ་བཅས་ལ་རང་རང་གི་རྩ་བའི་སྟེང་དུ་འཕགས་བོད་ཀྱི་འགྲེལ་པ་དང་མཐའ་དཔྱོད་སོགས་གུང་བསྒྲིགས་ནས་དཔྱད་པ་ཞིབ་མོས་བརྒལ་བརྟག་དང་དཀའ་གནད་ལ་དོགས་གཅོད་མང་དུ་མཛད་དེ་ཚིག་དོན་ལྷག་མ་མེད་པར་ཐུགས་སུ་ཆུད། དེ་ལྟར་དབུས་འགྱུར་ཆོས་ཀྱི་ཞིང་སར་མདོ་སྔགས་གང་ཅིར་གསན་སྦྱོང་སོགས་ཐུགས་བཞེད་མཐའ་དག་ལེགས་པར་གྲུབ་ནས་མདོ་སྨད་ཀྱི་བསྟན་འགྲོའི་དོན་དུ་ཆིབས་བསྒྱུར་གྱི་གྲྭ་སྒྲིག་མཛད་སྐབས་བོད་གཞུང་ནས་དགེ་ལྡན་བསྟན་པའི་གསལ་བྱེད་པཎྜཏ་ནོ་མིན་ཧན་གྱི་ཆོ་ལོ་དང་ཐམ་ཀ་སོགས་ཀྱི་གཟེངས་བསྟོད་དང་ཕེབས་རྫོང་གྲ་རྒྱས་མཛད་མཐར་དགུང་གྲངས་སོ་གཉིས་པ་ས་ཡོས(༡༧༥༩)ལོའི་ཧོར་ཟླ་ལྔ་པའི་ཚེས༢༣་ཉིན་མདོ་སྨད་དུ་ཆིབས་ཀྱི་ཁ་ལོ་བསྒྱུར། དགུང་ལོ་སོ་དྲུག་པ་ལ་དགོན་ལུང་བྱམས་པ་གླིང་དང་སོ་བརྒྱད་པ་ལ་སྐུ་འབུམ་གྱི་གདན་ས་མཛད་དེ་གཉིས་ཀའང་ལུགས་གཉིས་ཀྱི་སྒོ་ནས་གོང་འཕེལ་དུ་མཛད། ཞེ་གཉིས་པར་ཤར་ཕྱོགས་གསེར་གྱི་རྒྱལ་ཁབ་ཆེན་པོར་ཕེབས་ཏེ་དགུང་ལོ་ཞེ་ལྔ་པ(༡༧༧༢)ལ་མདོ་སྨད་དུ་ཆིབས་བསྒྱུར་གནང་། དེ་ལྟར་ལོ་བཅུ་གཉིས་རིང་མདོ་སྨད་ལྷོ་བྱང་གི་ཡུལ་གྲུ་ཡོད་དོ་ཅོག་ལ་ཕེབས་ཏེ་དགེ་འདུན་གྱི་སྡེ་དང་མདོ་སྔགས་ཀྱི་བཤད་སྒྲུབ་དར་ཁྱབ་ཏུ་སྤེལ་བར་མཛད་ནས་དགུང་ལོ་ང་བརྒྱད་པ་ལ་ཡང་བསྐྱར་དབུས་གཙང་དུ་ཕེབས་ཏེ་དམ་པའི་ཆོས་ཀྱི་རྒྱུན་ནུབ་པ་དང་ཉག་ཕྲ་བ་རྣམས་གསོས། སྔར་མ་གསན་པའི་ཆོས་རྒྱུན་དུ་མ་ཆེད་དུ་གསན་རྗེས་དགུང་གྲངས་དྲུག་ཅུ་པ་མེ་ལུག་ལོར་གདན་ས་བཀྲ་ཤིས་འཁྱིལ་དུ་ཕྱིར་ཕེབས་ནས་ཆོས་འཁོར་རྒྱ་ཆེར་བསྐོར་ཞིང་དགུང་ལོ་རེ་གཉིས་པར་བྱ་ཁྱུང་གི་ཁྲིར་ཕེབས། སྔ་ཕྱིར་བཀའ་རྩོམ་ཡང་པོད་བཅུ་ཕྲག་ལོངས་པ་མཛད་པ་དང་སློབ་མ་ཡང་མཁན་ཆེན་དགེ་འདུན་རྒྱ་མཆོ། ཀློང་རྡོལ་གྲུབ་དབང་། རྟ་ཚག་རྗེ་དྲུང་། ས་སྐྱ་བདག་ཆེན་ངག་དབང་ཀུན་དགའ་ཆོས་སྐྱོང་། ལོ་ཆེན་སྤྲུལ་སྐུ། བྲག་ཡབ་ཆེ་ཚང་ཆུང་ཚང་། ཐུའུ་བཀྭན་ཆོས་ཀྱི་ཉི་མ། གུང་ཐང་ཁྲི་ཆེན་བསྟན་པའི་སྒྲོན་མེ་སོགས་བླ་སྤྲུལ་དགེ་བཤེས་དཔོན་རིགས་སོགས་བུ་སློབ་སའི་དྲེག་པ་ལྟར་ཤིན་ཏུ་མང་། དེ་ལྟར་སྐུ་ཚེ་རིལ་པོར་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་དང་བཙུན་པའི་བྱ་བ་བསླབ་གསུམ་ཉམས་བཞེས་སོགས་བཤད་སྒྲུབ་ཟུང་འབྲེལ་གྱི་སྒོ་ནས་བསྟན་པའི་སྙིང་པོ་ཕྱོགས་མཐར་སྤེལ་ཞིང་། བྱམས་ཆེན་མཐོང་བ་དོན་ལྡན་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་དང་འདུ་ཁང་ཆེན་མོ་གསར་སྐྲུན་མཛད་པ་མ་ཟད། ཕྱག་དཔེ་གསར་བསྒྲིགས་གཅིག་པུ་ཡང་པོད་ཁྲི་ཕྲག་བརྒལ་བས་མཚོན་ཕྱག་རྗེས་ཤིན་ཏུ་རླབས་ཆེ་བ་བསྟན་འགྲོའི་སྨན་ཡོན་ཟླ་མེད་པར་མཛད་བཞིན་པའི་ངང་དགུང་གྲངས་རེ་བཞི་པ་ལྕགས་ཕག(༡༧༩༡)ལོའི་ཧོར་ཟླ་བཅུ་པའི་ཚེས་ཉེར་བརྒྱད་ཉིན་ཀ་མདོ་གདོང་དམར་སྣ་རུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་བར་མཛད་དོ། །
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།