ཀུན་ཏུ་བཟང་པོ་སངས་རྒྱས་པ་

ཡོང་ཁུངས་Wikipedia

གསང་སྔགས་སྔ་འགྱུར་གྱི་བཞེད་སྲོལ་ལ་ཆོས་སྐུ་ཀུན་ཏུ་བཟང་པོ་སངས་རྒྱས་ཚུལ་ནི། ཚོགས་མ་བསགས་སྒྲིབ་པ་མ་སྦྱངས་པར་སངས་རྒྱས་པ་ཞིག་ཡིན་པ་དང་། དེ་ཡང《འཇམ་དཔལ་མཚན་བརྗོད》ལས། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། ། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། ། ཅེས་གསུངས་པའི་དགོངས་པ་ཡིན་པ་དང་། སེམས་ཀྱི་ཆོས་ཉིད་རང་ངོ་ཤེས་ན་དེ་མ་ཐག་ཏུ་གྲོལ་བ་དང་། དེའི་འོད་ལྔའི་ཡེ་ཤེས་ལྔ་དང་སྐུ་གསུམ་དུ་ཤར་བ་སོགས་ནི། ལྷན་སྐྱེས་ཀྱི་སྐུ་འོད་གསལ་དེ་ཉིད་ལོངས་སྐུ་དང་སྤྲུལ་སྐུར་འཆར་ཞིང་། སེམས་དྲི་མ་མེད་པ་འདི་ལས་ཅིར་ཡང་སྣང་དུ་རུང་བའི་དོན་གླེང་གཞི་ལྟ་བུའི་སྒོ་ནས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་གསུངས་པ་ཞིག་ལས་ལོ་རྒྱུས་དངོས་བཤད་པ་མིན་པར་ལོ་རྒྱུས་ཀྱི་ཚུལ་དུ་ཉམས་སུ་བླང་བྱའི་ཆོས་ཀྱི་རྣམ་གྲངས་གསུངས་པ་ཡིན་པ་སོགས་གསལ་བཤད་མཛད་པ་འདིར་གོ་རྒྱུ་ཟབ་པའི་དཔྱད་གཞི་ཆེན་པོ་ཞིག་སྣང་ལགས།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།