ཀུ་ཤ་ལ་གུ་ཐུག་རྒྱལ་པོ་

ཡོང་ཁུངས་Wikipedia
Jump to navigation Jump to search

ཡོན་རྒྱལ་རབས་ཀྱི་གོང་མ་ཧུ་པི་ལི་ནས་རྩིས་པའི་མི་རབས་བརྒྱད་པ་ཡིན་ཅིང་། མིང་ཙུང་ཀུ་ཤ་ལ་ཟེར། ཧེ་ཧྲན་ཁུ་ལུག་གི་བུ་ཆུང་བ་ཡིན། གོང་མ་ཐའི་ཏིང་ཡེ་སུན་ཐེའི་མུར་ནད་ཀྱིས་གྲོངས་པའི་རྗེས་སུ་ཐུག་ཐེའི་མུར་གྱིས་གོང་མའི་ཁྲི་བཟུང་ནས་ཟླ་བ་བརྒྱད་ཕྱིན་རྗེས་ཟས་དུག་བྱུང་ནས་འདས་ཚབ་ཏུ་ཀུ་ཤ་ལ་གུ་ཐུག་རྒྱལ་པོ་གོང་མའི་ཁྲི་ལ་བཀོད། དེ་སྔོན་གོང་མ་རིན་ཙུང་ཨ་ཡུར་པར་པ་ཏས་སྲིད་དབང་བཟུང་མུས་ཀྱི་སྐབས་གོང་མའི་རྒྱལ་བརྒྱུད་ཚོགས་འདུའི་ཐོག་ཀུ་ཤ་ལ་གུ་ཐུག་བརྒྱུད་འཛིན་རྒྱལ་སྲས་སུ་གཏན་ཁེལ་ཐག་གཅོད་བྱས་རྗེས། གོང་མ་རིན་ཙུང་གིས་སྐྱེས་ནས་ཡུན་རིང་མ་སོང་བའི་རིན་ཆེན་དཔལ་བརྒྱུད་འཛིན་རྒྱལ་སྲས་བྱེད་དགོས་པ་དང་། ཀུ་ཤ་ལ་ཀྲའུ་ཝང་གི་གོ་གནས་བསྐོས་ནས་ཡུན་ནན་མཐའ་མཚམས་སུ་སྡོད་དགོས་པའི་ཐག་གཅོད་བྱས། གནས་ཚུལ་དེར་ཀུ་ཤ་ལས་བརྩི་འཇོག་མ་བྱས་པར་ཧྲན་ཞིས་ཞིང་ཆེན་ལིང་ཧོའོ་ཀྲུང་ཧྥུ་ཉེ་འགྲམ་དུ་སླེབས་མཚམས་དམག་དཔུང་བཏང་ནས་འགོག་རྒོལ་བྱས་ཏེ་ལིང་འོ་ཀྲུང་ཧྥུ་རིམ་པའི་སྲིད་དབང་བཟུང་བར་བརྟེན། གོང་མ་རིན་ཙུང་གིས་དམག་བཏང་ནས་ཀུ་ཤ་ལ་ཕམ་ཉེས་བྱུང་སྟེ་ཨར་ཐེ་རི་རྒྱུད་དུ་བྲོས། རྒོང་མ་ཐའི་ཏིང་ཡེ་སུན་ཐེ་མུར་ནད་ཀྱིས་གྲོངས་རྗེས་ཀུ་ཤ་ལིའི་འོག་མ་ཐུག་ཐེའི་མུར་གྱིས་གོང་མ་བྱས་པ་མ་ཟད། ཁོང་རང་གི་ཆབ་སྲིད་དགྲ་བོ་རིན་ཆེན་དཔལ་ལ་ཕར་རྒོལ་བྱས་ཏེ་གཏོར་ཕམ་བཏང་། ༡༣༢༩ལོའི་ཟླ་བ་དང་པོའི་ནང་ཐུག་ཐེ་མུར་གྱིས་གཅེན་པོ་ཀུ་ཤ་ལ་ཉེང་ས་ཁུལ་དུ་གོང་མ་བྱས་པར་བརྩི་བཀུར་ཐོག་རང་ཉིད་གོང་མའི་ཁྲི་ནས་ཕྱིར་འཐེན་བྱས་པའི་ཁྱབ་བསྒྲགས་བྱས། ལོ་དེའི་ཟླ་བ་བརྒྱད་པའི་འགོར་ཀུ་ཤ་ལ་མོ་པེ་ས་ཁུལ་བརྒྱུད་པེ་ཅིན་དུ་ཡོང་སྐབས་ཐུག་ཐེའི་མུར་གྱི་དགའ་བསུ་ཞུས་ཏེ། གཅེན་གཅུང་ཐུག་ཕྲད་བྱུང་བའི་དགའ་སྟོན་དུ་ཁ་གཡར་ཏེ་ཉིན་མང་པོར་གསོལ་སྟོན་བཤམས། ཟླ་བ་དེའི་ཚེས་ལྔ་ཉིན་གྱི་མཚན་མོར་རྒྱལ་སྲས་ཀྱི་སློབ་དཔོན་ཡན་ཐེའི་མུར་གྱིས་ངན་བསླབ་བྱས་པ་ལྟར་ཨ་རག་དང་ཟས་རིགས་ཀྱི་ནང་དུག་རྒྱབ་སྟེ་ཀུ་ཤ་ལར་དྲངས། དེའི་ཕྱི་ཉིན་ཀུ་ཤ་ལ་ཁ་ནས་ཁྲག་སྐྱུགས་ཏེ་གྲོངས་སོ། ། འདིའི་ལོ་རྒྱུས་རྣམས《ཀྲུང་གོ་རྒྱལ་རབས་ཀྱི་གོང་མ་རིམ་པའི་དཀར་ཆག》རྒྱ་ཡིག་གི་ཤོག་གྲངས༨༥༠ལས་གསལ་བ་ལྟར་བྲིས།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།