ཀུ་ལུ་ཏའི་ཡུལ་
རྒྱ་གར་གྱི་ཡུལ་ཞིག་གི་མིང་སྟེ། བོད་སྐད་དུ་བསྒྱུར་ན་རིགས་ལྡན་ཞེས་པའི་དོན་ཡིན་པར་《སྐད་གཉིས་ཤན་སྦྱར》ལས་བཤད། བུ་སྟོན་རིན་པོ་ཆེས་མཛད་པའི《བདེ་མཆོག་ཆོས་འབྱུང》ལས། ཁ་ཆེ་ཛ་ལནྡྷ་རའི་ཡུལ་གྱི་བྱང་ངོས་མངའ་རིས་ཀྱི་ཡུལ་དང་ཐག་ཉེ་བར་མངའ་རིས་པ་རྣམས་ཀྱིས་ཉུང་རྡའི་ཡུལ་ཞེས་འབོད་པའི་ནང་ཚན་ཞིག་ཡིན་པར་གསུངས། ཐང་སན(唐僧)བླ་མས་མཛད་པའི《རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག》རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་བ་ཤོག་གྲངས༤༦པ་ལས། ཡུལ་དེའི་མཐའ་བསྐོར་དུ་ལེ་དབར་སུམ་སྟོང་ཙམ། མཁར་ཆེན་པོའི་ཁོར་ཡུག་ཏུ་རྒྱང་གྲགས་བཅུ་བཞི་བཅོ་ལྔ་ཙམ། ས་གཤིན་པ་འབྲས་སྣ་གསུམ་སོགས་འདེབས་རུང་བ། ནམ་དུས་བཞིར་མེ་ཏོག་དང་ཤིང་འབྲས་འབོལ་བ། སྨན་གྱི་རིགས་རྣམ་པ་སྣ་ཚོག་སྐྱེ་བ། གསེར་དངུལ་ཟངས་མུ་ཏིག་དམར་པོ་སོགས་འབྱུང་བ་དང་། མིའི་གཤིས་ཀ་རྩུབ་ཅིང་གྱོང་བ། དཔའ་རྩལ་ཆེ་བ་དང་སྟོབས་ཆེ་བ་ལ་རྩི་མཐོང་ཆེ་ཞིང་། ནང་པའི་གཙུག་ལག་ཁང་ཉི་ཤུ་ཙམ་གྱི་ནང་ཁྱོན་བསྡོམས་དགེ་འདུན་ཆིག་སྟོང་ལྷག་ཙམ་གནས་པ་རྣམས་གཙོ་བོར་ཐེག་ཆེན་གྱི་ཆོས་དང་ཞར་ལ་ཐེག་དམན་གྱི་ཆོས་ལ་ཡང་སློབ་སྦྱོང་མཛད་པ་དང་ཕྱི་རོལ་པའི་ལྷ་ཁང་བཅོ་ལྔ་ཙམ་ལ་ཕྱི་རོལ་པ་ལྟ་བ་མི་འདྲ་བ་སྣ་ཚོགས་གནས་ཡོད་པ་དང་། ཡུལ་གྱི་ནང་རྒྱལ་པོ་མྱ་ངན་མེད་ཀྱིས་བཞེངས་པའི་མཆོད་རྟེན་ཞིག་ཀྱང་ཡོད་ཅེས་གསལ།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།