Jump to content

ཀུ་རུ་

ཡོང་ཁུངས་Wikipedia

རྡོ་རྗེ་སེམས་དཔའི་ཡིག་བརྒྱའི་གཟུངས་ལས་བྱུང་བའི་ "ཙིཏྟཾ་ཤྲཱི་ཡཾ་ཀུ་རུ་ཧཱུྃ" ཞེས་པའི་ཚིག་འདིའི་ནང་གི་ "ཀུ་རུ" ཞེས་པའི་སྔགས་ཀྱི་ཚིག་ནི། བོད་ཀྱི་མཁས་པ་རྣམས་ཀྱིས་སྤྱིར་"མཛོད་ཅིག"ཅེས་སྐུལ་ཚིག་གི་དོན་དུ་འགྲེལ་ཞིང་། བྱེ་བྲག་ཏུ་རང་གི་སེམས་རྒྱུད་དགེ་བའི་རང་བཞིན་དུ་བྱེད་པའི་དོན་དུ་གསུངས། འདི་ལ་ཐུན་མོང་གི་ཚུལ་དང་ཐུན་མོང་མ་ཡིན་པའི་ཟབ་དོན་གཉིས་ཀྱི་སྒོ་ནས་འགྲེལ་བཤད་མཛད་པ་གཤམ་དུ་ས་བཅད་དང་བཅས་གསལ་བར་བཀོད་པ་ལགས།

༡། སྒྲ་བཤད་དང་ཚིག་སྦྱོར།

[རྩོམ་སྒྲིག]

༡.༡ སྒྲ་བཤད།

[རྩོམ་སྒྲིག]

སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས། "ཀུ་རུ་མཛོད་ཅིག་པ་སྟེ"[]ཞེས་གསུངས་པ་ལྟར། ཀུ་རུ་ཞེས་པ་ནི་ལེགས་སྦྱར་སྐད་ཀྱི་བྱ་ཚིག་ཅིག་ཡིན་ཞིང་། བོད་སྐད་དུ་"མཛོད་ཅིག"ཅེས་སྐུལ་བའི་དོན་དུ་འགྱུར།

༡.༢ ཚིག་སྦྱོར།

[རྩོམ་སྒྲིག]

མཁན་པོ་དཔལ་ལྡན་ཤེས་རབ་ཀྱིས། "ཙིཏྟཾ་ནི་སེམས། ཤྲེ་ཡ་ནི་དགེ་བར། ཀུ་རུ་ནི་མཛོད་ཅིག ཧཱུྃ་ནི་ཐུགས་ཡེ་ཤེས་ཆེན་པོ་མཚོན་པའོ། དེ་དག་བསྡོམས་ན། བདག་གི་སེམས་ནི་དགེ་བར་མཛོད། ཅེས་སོ།"[] ཞེས་ཚིག་སོ་སོའི་དོན་གསལ་བར་མཛད་ཅིང་། དེ་དག་བསྡོམས་པའི་ཚུལ་ཡང་སྟོན།

པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་ཀྱང་འདི་དང་མཐུན་པར། "ཙིཏྟཾ་ཤྲཱི་ཡཾཿཀུ་རུ་ནི་སེམས་ཀྱི་དཔལ་དུ་མཛོད།"[] ཅེས་གསུངས།

༢། ཐུན་མོང་གི་དོན།

[རྩོམ་སྒྲིག]

༢.༡ སེམས་དགེ་བར་བྱེད་པའི་དགོས་པ།

[རྩོམ་སྒྲིག]

མཁན་པོ་དཔལ་ལྡན་ཤེས་རབ་ཀྱིས། "ཐེག་པ་ཐུན་མོང་ལྟར་ན་ཇི་སྐད་དུ་ཆེད་དུ་བརྗོད་པའི་ཚོམས་ལས། ཆོས་རྣམས་སྔོན་དུ་ཡིད་འགྲོ་སྟེ། ཡིད་མགྱོགས་ཡིད་ནི་གཙོ་བོ་ཡིན། ཞེས་གསུངས་པ་ལྟར་ལས་ཐམས་ཅད་བྱེད་པ་པོ་ནི་སེམས་ཡིན་པའི་ཕྱིར་དུས་རྟག་ཏུ་དྲན་པ་དང་ཤེས་བཞིན་དང་བག་ཡོད་པའི་སྒོ་ནས་སེམས་དགེ་བར་མཛོད་ཅིག་ཞེས་སྨོན་པའམ།"[] ཞེས་གསུངས།

སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་ཀྱང་། "ལས་སུ་བྱ་བ་ཐམས་ཅད་ཀྱི་སྔོན་དུ་ཡིད་འགྲོ་ཞིང་། ཡིད་དགེ་ན་ལས་ཐམས་ཅད་དགེ་བར་འགྱུར་བའི་ཕྱིར་སེམས་དགེ་བར་མཛོད་ཅིག་ཅེས་བསྐུལ་བ་ཡིན་"[] ཞེས་སེམས་དགེ་བར་བྱེད་པའི་དགོས་པ་གསལ་བར་མཛད།

༣། ཐུན་མོང་མ་ཡིན་པའི་ཟབ་དོན།

[རྩོམ་སྒྲིག]

༣.༡ བདེ་ཆེན་གྱི་ངང་དུ་འཇོག་པ།

[རྩོམ་སྒྲིག]

མཁན་པོ་དཔལ་ལྡན་ཤེས་རབ་ཀྱིས། "ཐུན་མིན་ལྟར་ན་རྒྱུད་ལས། གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། དུ་མའི་ཉམས་ཀྱིས་སྣ་ཚོགས་གར་མཛད་དོ། ཞེས་པ་ལྟར་བདེ་བ་ཆེན་པོ་ཡེ་ཤེས་གཉུག་མའི་སེམས་ཀྱི་རྡོ་རྗེ་ཉིད་ཀྱི་རང་རྩལ་ལས་བརྟན་གཡོ་སྲིད་ཞིའི་གནས་སྣང་གི་བཀོད་པ་འདི་ཉིད་འཕྲུལ་ཞིང་ཅི་ཙམ་དུ་མར་ཤར་ནའང་། དོན་དུ་སེམས་ཉིད་བདེ་བ་ཆེན་པོ་རང་བྱུང་རིག་པའི་ཀློང་ལས་ཕྱི་རོལ་ཏུ་ཅུང་ཟད་ཙམ་ཡང་འཕོས་པ་མི་སྲིད་པའི་ཕྱིར་རིག་པའི་ངང་དུ་གྲོལ་བ་ངེས་གསང་ཐེག་པ་ལས་མི་འདའ་བར་བསྐུལ་བ་"[] ཞེས་རྫོགས་ཆེན་གྱི་གནད་དང་སྦྱར་ཏེ་གསུངས།

སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་ཀྱང་། "གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། གཅིག་པུའི་ཉམས་ཀྱིས་དུ་མའི་གར་མཛད་དོ། །ཞེས་པ་ལྟར་བདེ་བ་ཆེན་པོ་སེམས་ཀྱི་རྡོ་རྗེ་གཅིག་ཉིད་ཀྱི་རང་རྩལ་ལས་སྲིད་ཞི་གནས་སྣང་གི་བཀོད་པ་དུ་མ་རྣམ་པར་འཕྲུལ་ཞིང་། ཇི་ཙམ་དུ་འཕྲུལ་ཡང་སེམས་ཉིད་བདེ་བ་ཆེན་པོའི་རང་བཞིན་ལས་མ་འདས་པའི་ངེས་གསང་རྟོགས་པའི་ཕྱིར་བསྐུལ་བའི་ཚིག་གོ།"[] ཞེས་གསུངས།

༣.༢ རིག་པའི་ཀློང་དུ་གྲོལ་བ།

[རྩོམ་སྒྲིག]

མཁན་པོ་དཔལ་ལྡན་ཤེས་རབ་ཀྱིས་ལུང་དྲངས་པར། "རིག་འཛིན་ཆེན་པོ་དགའ་རབ་རྡོ་རྗེས། སྣང་སྲིད་ཆོས་ཀུན་རིག་པའི་ཀློང་ལས་ཤར། ཤར་བ་ཉིད་ཀྱང་རིག་པའི་ཀློང་དུ་གྲོལ།"[] ཞེས་པ་ལྟར་སྣང་སྲིད་ཐམས་ཅད་རིག་པའི་རང་རྩལ་ལས་ཤར་ཡང་རིག་པའི་ངང་དུ་གྲོལ་བའི་ཚུལ་གྱིས་སེམས་དགེ་བར་མཛོད་ཅེས་པའི་ཟབ་དོན་གསུངས།

མཇུག་བསྡུ་བ།

[རྩོམ་སྒྲིག]

དེ་ལྟར་ན་ཡིག་བརྒྱའི་གཟུངས་ཀྱི་"ཀུ་རུ"ཞེས་པའི་ཚིག་འདིས། ཐུན་མོང་དུ་རང་གི་སེམས་རྒྱུད་དྲན་ཤེས་བག་ཡོད་ཀྱི་སྒོ་ནས་དགེ་བའི་རང་བཞིན་དུ་བྱེད་པ་དང་། ཐུན་མོང་མ་ཡིན་པར་སེམས་ཉིད་བདེ་ཆེན་ཡེ་ཤེས་ཀྱི་ངོ་བོར་རྟོགས་ཏེ་རིག་པའི་ངང་ལས་མི་འདའ་བར་བསྐུལ་བའི་དོན་གཉིས་ཀ་འདུས་པ་ལགས།


ལུང་ཁུངས།

[རྩོམ་སྒྲིག]
  1. སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་གོ་དོན་ཉུང་ངུ་།
  2. མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ།
  3. པཎ་ཆེན་བློ་བཟང་ཆོས་རྒྱན། ཡིག་བརྒྱའི་འགྲེལ་པ།
  4. མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ།
  5. སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་གོ་དོན་ཉུང་ངུ་།
  6. མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ།
  7. སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་གོ་དོན་ཉུང་ངུ་།
  8. མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ།
"https://bo.wikipedia.org/w/index.php?title=ཀུ་རུ་&oldid=152515"ལས་སླར་རྙེད་སོང།