Jump to content

ཀུ་མཱ་ར་ཤྲི་

ཡོང་ཁུངས་Wikipedia

ཀྲུང་གོའི་རྒྱུས་ཐོག་ནང་པའི་ཆོས་ལུགས་ཀྱི་ལོ་ཙཱ་བ་ཆེན་པོ་བཞི་ཡི་གྲས། ལི་ཡུལ་དུ་ཡབ་རྒྱ་གར་བ་ཀུ་མཱ་ར་ཡན་དང་ཡུམ་ལི་ཡུལ་བྱང་རྒྱུད(དེང་སང་ཤིན་ཅང་ཁུ་ཁྲེ་ཁུལ)ཀྱི་རྒྱལ་པོའི་སྲས་མོ་ཞིག་གི་སྲས་སུ་སྤྱི་ལོའི་དུས་རབས་བཞི་པའི་ཤིང་འབྲུག(༣༤༤)ལོར་འཁྲུངས། ཡབ་ཡུམ་གཉིས་ཀྱི་མཚན་བསྡོམས་ཏེ་ཀུ་མྰ་ར་ཤྲི་སྟེ་བོད་སྐད་དུ་གཞོན་ནུ་དཔལ་ཞེས་གསོལ། སྐུ་ན་ཆུང་དུས་རབ་ཏུ་བྱུང་ཞིང་། ཁ་ཆེའི་ཡུལ་དུ་ཕེབས་ནས་། ཐོག་མར་ཐེག་དམན་གྱི་ཆོས་ལ་སྦྱངས་ཤིང་། རྗེས་སུ་ཐེག་པ་ཆེན་པོའི་ཆོས་ལ་ཞུགས་ནས་དབུ་མའི་ལྟ་བ་འཛིན་པའི་པཎྚིཏ་ཆེན་པོར་གྱུར། རྒྱ་གར་ནུབ་ཕྱོགས། ཀྱི་རྒྱལ་ཁབ་འགའ་ཞིག་ཏུ་ཕེབས་ནས་ནང་ཆོས་འཆད་སྤེལ་མང་པོ་མཛད་ཅིང་། ཆིན་སྔོན་མའི་རྒྱལ་རབས་ཀྱི་། རྒྱལ་པོ་ཧྥུ་ཅིའན་གྱི་ཅེན་ཡོན(建元)ཁྲི་ལོ་བཅོ་བརྒྱད་པ(༣༨༢)ལོར་ལི་ཡུལ་དུ་ཕྱིར་ལོག་ཕེབས་རྗེས། རྒྱལ་པོའི་སྲས་མོ་ཞིག་གི་མག་པ་གནང་། ཆིན་སྔོན་མའི་རྒྱལ་པོ་ཧྥུ་ཕེ(符)ཐའི་ཨན(太安)ཁྲི་ལོ་དང་པོ་ཤིངབྱ(༣༨༥)ལོར་ལེང་ཀྲའུ(凉州)རུ་གདན་དྲངས་པ་ལྟར་དེར་ལོ་ངོ་བཅུ་དྲུག་ཙམ་བཞུགས་པར་བརྟེན། རྒྱ་བོད་གཉིས་ཀའི་སྐད་ཡིག་ཀྱང་བྱང་ཆུབ་པར་མཁྱེན། ཆིན་ཇེས་མའི་རྒྱལ་རབས་ཀྱི་རྒྱལ་པོ་ཡའོ་ཤིན(姚兴)གྱི་ཧུང་ཧྲི(弘始)ལོ་གསུམ་པ་ལྕགས་གླང(༤༠༡)ལོར་རྒྱལ་ས་ཤིས་ཨན་དུ་རྒྱལ་ཁབ་ཀྱི་སློབ་དཔོན་དང་འདྲ་བའི་གུས་བཀུར་ཞུས། དེ་དུས་དགུང་ལོ་ང་བདུན་དུ་ཕེབས། དེར་ལོ་བཅུ་གསུམ་གྱི་རིང་ལ《རྡོ་རྗེ་གཅོད་པ》ལ་སོགས་པའི་ཤེར་ཕྱིན་གྱི་མདོ་ཆེ་ཆུང་སྣ་ཚོགས་དང་། 《དམ་པའི་ཆོས་པདྨ་དཀར་པོ》《དྲི་མེད་གྲགས་པས་བསྟན་པའི་མདོ》སོགས་མདོ་མང་པོ་དང་། མགོན་པོ་ཀླུ་སྒྲུབ་ཀྱི《དབུ་མ་རྩ་བ་ཤེས་རབ》《དབུ་མ་སྒོ་བཅུ་གཉིས་པ》སློབ་དཔོན་འཕགས་པ་ལྷས་མཛད་པའི་《དབུ་མ་བཞི་བརྒྱ་པ》མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི《ཤེར་ཕྱིན་ཆེན་མོ་བམ་པོ་བརྒྱ་པ》བཅས་བཀའ་བསྟན་བམ་པོ་སུམ་བརྒྱ་དང་གྱ་བཞི་རྒྱ་སྐད་དུ་བསྒྱུར་ཞིང་། སློབ་མ་ཡང་མང་པོ་བསྐྱངས། མཐར་དགུང་ལོ་བདུན་ཅུ་པ་ཆུ་བྱི(༤༡༢)ལོར་དགོངས་པ་མྱ་ངན་ལས་འདས། ལོ་རྒྱུས་འདི་བཞིན་མཁས་པའི་དབང་པོ་རེན་ཅི་ཡུས་ཀྱིས་གཙོ་སྐྱོང་གནང་ནས་རྩོམ་སྒྲིག་མཛད་པའི《ཆོས་ལུགས་ཚིག་མཛོད》ནས་བོད་སྐད་དུ་བསྒྱུར་ཏེ་དྲངས། ལོ་རྒྱུས་འཆད་ཚུལ་འདི་དང་མི་འདྲ་བ་ཞིག《དེབ་ཐེར་དམར་པོ》ལྕགས་དཔར་མའི་གྲངས༡༣ནས༡༦བར་གསལ་བས་དེར་གཟིགས་པར་ཞུ་རྒྱུ་ལགས་སོ། །

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།