Jump to content

ཀུ་ཅོར་རྟོགས་ལྡན་སངས་རྒྱས་དཔལ་བཟང་

ཡོང་ཁུངས་Wikipedia

རྗེ་ཙོང་ཁ་པ་ཆེན་པོའི་དངོས་སློབ་རྟོགས་ལྡན་ལྔ་ཞེས་གྲགས་པའི་ནང་ཚན་ཞིག་ཡིན། ཉང་ལོང་ཀོང་གསུམ་དུ་གྲགས་པའི་ཉང་པོ་ཀུ་ཅོར་གྱི་གྲོང་ཚོར་རབ་བྱུང་དྲུག་པའི་མེ་སྟག(༡༣༨༦)ལོ་ནས་རབ་བྱུང་བདུན་པའི་ཤིང་གླང་(༡༤༤༥)ལོ་བར་དགུང་ལོ་དྲུག་ཅུ་བཞུགས། དགུང་ལོ་ཆུང་དུས་ནས་སྔོན་གྱི་སྐྱེ་བ་མང་པོ་ཐུགས་ལ་དྲན་པ་དང་། བྱིས་པ་ཕལ་པའི་ཀུན་སྤྱོད་ལས་འདས་པ་ཞིག་བྱུང་། རྗེ་ཙོང་ཁ་པ་ཆེན་པོ་དང་། མཚོ་ཁ་ཆོས་རྗེ། ཀརྨ་པ་དེ་བཞིན་གཤེགས་པ། མི་ཉག་རྟོགས་ལྡན་གྲགས་པ་རིན་ཆེན་སོགས་བླ་མ་ལྔ་བཅུ་ལྷག་ཙམ་ལ་བསྟེན་ནས་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་གསན་ཅིང་། ཆོས་ལྡན་གྱི་དགོས་པ་ཁྱད་པར་ཅན་མ་གཏོགས་པ་རྒྱུན་དུ་གནས་ངེས་མེད་ཀྱིས་སྒྲུབ་པ་ཉམས་བཞེས་གཙོ་བོར་མཛད། ཐུགས་རྒྱུད་ལ་རྟོགས་པའི་ཡོན་ཏན་ཁྱད་པར་ཅན་འཁྲུངས་ཏེ་གྲུབ་པ་བརྙེས་པའི་རྟགས་མཚན་དངོས་སུ་བསྟན་པའི་ངོ་སྤྲོད་མང་པོ་མིག་ལམ་དུ་མཐོང་རྒྱུ་སྣང་། སྐུ་རྟེན་དུ་རྒྱལ་བ་བྱམས་པའི་སྟོང་སྐུ་དང་སྤྱན་རས་གཟིགས་ཀྱི་སྐུ་མང་པོ། གསུང་རྟེན་དུ་བཀའ་འགྱུར་ཆ་ཚང་། ཐུགས་རྟེན་དུ་ལྷ་ས་གྲོང་ཁྱེར་དབུས་རིའི་གནས་བསྐོར་ཡོངས་རྫོགས་འཁོར་བའི་མཆོད་རྟེན་བརྒྱ་དང་བརྒྱད་བཅས་བཞེངས་པར་མཛད། ཀརྨ་པ་དེ་བཞིན་གཤེགས་པས་ལུང་བསྟན་མཛད་པ་ལྟར། སྤོ་བོ་ཡེ་གོང་ནས་ཡིན་པའི་བུ་མོ་སངས་རྒྱས་འཚོ་མོ་ཞེས་པ་རིག་མར་བཞེས་ཏེ་སྲས་ལྕམ་སྲིང་བཞི་འཁྲུངས་པའི་ཆེ་བ་དཀོན་མཆོག་འབྱུང་གནས། འབྲིང་བ་མཁས་གྲུབ་འཇམ་དབྱངས་གཞོན་ནུ། ཆུང་བ་འཕགས་པ་ལྷ་སྐུ་ཕྲེང་དང་པོ་བཅས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་པའི་སྐྱེས་ཆེན་ཁྱད་དུ་འཕགས་པ་གསུམ་བྱུང་། དགུང་ལོ་དྲུག་ཅུ་པ་ཤིང་གླང(༡༤༤༥)ལོར་སྐུ་གཤེགས་རྗེས་སྐུ་གདུང་རིལ་པོར་གསེར་འབུམ་ཞིག་བཞེངས་པ་རྗེས་སུ་དགའ་ལྡན་སྤྲུལ་སྐུ་དགོངས་པ་རྫོགས་པའི་རྟེན་དུ་ཐུབ་དབང་གི་སྐུ་བཞེངས་སྐབས་ཀུ་ཅོར་བའི་དབུ་ཐོད་དེ་ཐུབ་སྐུའི་གཟུངས་སུ་ཕུལ་ནས་ཀོང་པོ་དེ་མོ་དགོན་གྱི་མཆོད་ཁང་གསར་པར་བཞུགས་སུ་གསོལ་བ་ཡིན། གསུང་རྩོམ་སྐོར། 《བཀའ་བརྒྱུད་གསེར་ཕྲེང་སྐྱེས་རབས་བརྒྱ་རྩ》《མདོ་རྒྱུད་དགོངས་གསལ》《མདོ་སྔགས་གསལ་སྒྲོན》《ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་ཟབ་ཁྲིད་འགྲོ་བ་ཀུན་འདྲེན》དེའི་ཆོས་འབྱུང《གཏམ་རྒྱུད་བདུད་རྩིའི་རྒྱུན་བཟང་མི་ཏྲ་ཁྲིད་དྲུག》《མགུར་འབུམ》སོགས་པོད་དགུ་ཙམ་ཡོད་ཚུལ་རྣམ་ཐར་དུ་གསལ། རྣམ་ཐར་ལོ་རྒྱུས་ཅུང་ཟད་ཙམ་ཕན་བདེ་སྤྲུལ་སྐུ་ཤཱཀྱ་ལྷ་དབང་གིས་མཛད་པའི་ཞལ་སྔ་བཀའ་བརྒྱུད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་འབྱུང》བྲིས་མའི་ཤོག་གྲངས༤ནས༧བར་གསལ།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།