Jump to content

ཀིརྟི་སྐུ་ཕྲེང་དང་པོ་དགེ་འདུན་རྒྱལ་མཚན་

ཡོང་ཁུངས་Wikipedia

རྗེཙོང་ཁ་པའི་དངོས་སློབ་བསྟན་པ་ཕྱོགས་མཐར་སྤེལ་བའི་དར་ཆེན་བདུན་གྱི་ནང་ཚན་ཡོངས་གྲགས་སུ་རོང་པོ་ལྗགས་ནག་པ་ཟེར། མདོ་སྨད་བཞག་ཤོད་ཅེས་པའི་ས་ཆར་རབ་བྱུང་དྲུག་པའི་ཤིང་སྟག(༡༣༧༤)ལོར་ཡབ་ཀླུ་-འབུམ་དང་ཡུམ་ཨ་སྨན་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། བྱིས་པའི་དུས་ཀྱི་མཚན་ལ་ཆོས་འབུམ་ཞེས་ཟེར། དགུང་ལོ་བཅུ་དྲུག་པ་ལ་དབུས་སུ་ཕེབས། ཞ་ལུར་བྱོན་ཏེ་རྡོ་རྗེ་འཛིན་པ་ཁྱུང་པོ་ལྷས་པའི་དྲུང་ནས་བོད་དུ་བཞུགས་པའི་གསང་སྔགས་ཀྱི་དབང་རྒྱུན་ཡོངས་སུ་རྫོགས་པ་གསན། རྗེ་ཙོང་ཁ་པའི་དྲུང་དུ་རབ་བྱུང་གི་སྡོམ་པ་བཞེས་པའི་མཚན་ལ་དགེ་འདུན་རྒྱལ་མཚན་ཞེས་གསོལ་བ་དང་། དགེ་སློང་གི་སྡོམ་པ་ཡང་རྗེ་བླ་མ་ཉིད་ཀྱི་དྲུང་ནས་བཞེསཤིང་། མདོ་སྔགས་ཀྱི་ལུང་ཁྲིད་མན་ངག་ཡོངས་སུ་རྫོགས་པ་གསན། ལྷ་ས་སྨོན་ལམ་ཆེན་མོ་ཐོག་མར་འཛུགསསྐབས་ཞབས་འདེགས་ཐུགས་ཟིན་ངེས་སྒྲུབ། ལྷོ་བྲགམཁན་ཆེན་ནམ་མཁའ་རྒྱལ་མཚན་དང་། རྗེ་ཙོང་ཁ་པ་རྣམ་གཉིས་ཀྱི་ལུང་བསྟན་ལྟར་རབ་བྱུང་བདུན་པའི་ལྕགས་ཡོས(༡༤༡༡)ལོར་མདོ་སྨད་ཕྱོགས་སུ་བྱོན་ནས་དཔོན་སློབ་སུམ་ཅུ་སོ་དྲུག་དང་མཉམ་དུ་དགོན་པ་འཚོལ་བརཕེབས་ཏེ། ཐོག་མར་ཀ་ལ་རིའི་ངོས་སུ་སྒྲུབ་གནས་རི་ཁྲོད་ཕྱག་བཏབ་སྟེ་ལོ་ཉི་ཤུ་ཙམ་དེར་བཞུགས། དེ་ནས་སྟག་ཚང་ལྷ་མོ་དགོན་པ་ཆགས་སའི་ས་གནས་དེར་ཕེབས་ནས་ལྷ་མོ་རི་ཁྲོད་ཕྱག་བཏབ་ནས་མདོ་སྔགས་ཀྱི་འཆད་ཉནགནང་བཞིན་པའི་མུ་ནས་འདུ་ཁང་ཆུང་ངུ་ཞིག་དངམགོན་ཁང་བཅས་བཞེངས། སྐུ་ཚེ་ཧྲིལ་པོར་འཆད་ཉནདང་། སྒྲུབ་པ་ཉམས་བཞེས་ཡ་མ་བྲལ་བའི་ངང་ནས་མཐར། དགུང་ལོ་དོན་བདུན་པ་རབ་བྱུང་བརྒྱད་པའི་ལྕགས་རྟ(༡༤༥༠)ལོར་སྐུ་གཤེགས། 《སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་ལོ་རྒྱུས》གསར་རྩོམ་ནང་འདིའི་གསུང་རྩོམ་སྐོར། མདོ་སྔགས་སྨན་རྩིས། སུམ་རྟགས་དག་གསུམསྐོར་བཅས་ཁྱོན་པོད་བཅུ་ལྷག་ཡོད་ཚུལ་ཀིརྟི་དགོན་པའིདཔེ་མཛོད་ཁང་གི་དཀར་ཆག་ཤོག་དྲིལ་ནང་འཁོད་འདུག་ཅེས་གསལ། ལོ་རྒྱུས་ཞིབ་པར་གོང་གསལ《མདོ་སྨད་ཆོས་འབྱུང》ལྕགས་དཔར་མའི་ཤོག་གྲངས་༧༡༤ནས༧༡༦བར་དང་། 《སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་ལོ་རྒྱུས》ལྕགས་དཔར་མའི་ཤོག་གྲངས་༥ནས༢༣བར་གསལ་ཞིང་། རྣམ་ཐར་རྒྱས་པ་ཀིརྟི་སྐུ་ཕྲེང་ལྔ་པ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་མཛད་པ་ལ་ཤོག་གྲངས༡༠༡ཡོད་ལགས།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།