Jump to content

ཀིརྟི་དགོན་

ཡོང་ཁུངས་Wikipedia

ཟི་ཁྲོན་ཞིང་ཆེན་རྔ་བ་རང་སྐྱོང་ཁུལ་མཛོད་དགེ་རྫོང་ཁོངས་ཀྱི་དགོན་པ་ཆེ་གྲས་ཤིག་ཡིན་ཞིང་། ཀན་སུའུ་ཞིང་ཆེན་ཁོངས་ཀྱི་སྟག་ཚང་ལྷ་མོ་དགོན་པའི་མདུནངོས་ཀྱི་རི་ལྡེབས་སུ་ཆགས་ཡོད་པ་དང་། རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཆེན་པོ་ཡོད་པ་ཞིག་ཡིན། དགོན་པ་འདི་ནི་ཀིརྟི་སྐུ་ཕྲེང་ལྔ་པ་བསྟན་པའི་རྒྱལ་མཚན་གྱིས་དགུང་ལོ་སོ་བདུན་པ་རབ་བྱུང་བཅུ་གསུམ་པའི་ས་འབྲུག(༡༧༤༨)ལོར་ཐོག་མར་དགོན་པའི་རྨང་གཞི་བཏིང་སྟེ་མིང་ལ་རྣམརྒྱལ་བདེ་ཆེན་གླིང་ཞེས་བཏགས། དེ་ལས་ལོ་བཅུ་པ་མེ་གླང(༡༧༥༧)ལོར་རྒྱུད་སྟོད་གྲྭ་ཚང་གི་ཕྱག་བཞེས་ལྟར་གྱི་རྒྱུད་པ་གྲྭ་ཚང་བཙུགས། དེ་ནས་ལོ་རེ་གཅིག་སོང་བའིརབ་བྱུང་བཅུ་བཞི་པའི་ས་སྟག(༡༨༡༨)ལོར་ཀིརྟི་སྐུ་ཕྲེང་བདུན་པ་ཀུན་དགའ་ཆོས་འཕགས་རིན་པོ་ཆེས་འབྲས་སྤུངས་བློ་གསལ་གླིང་གི་ཡིག་ཆ་གཙོ་བོར་བཟུང་བའི་མཚན་ཉིད་གྲྭ་ཚང་འཛུགས་གནང་མཛད་པ་སྐབས་དེར་གྲྭ་གྲངས་ལྔ་བརྒྱ་ཡས་མས་ཡོད། ཀིརྟི་སྐུ་ཕྲེང་བརྒྱད་པ་བློ་བཟངའཕྲིན་ལས་ཀྱིས་རབ་བྱུང་བཅོ་ལྔ་པའི་མེ་ཡོས(༡༨༦༧)ལོར་དུས་འཁོར་གྲྭ་ཚང་འཛུགས་གནང་མཛད་ཅིང་། ཁོང་གི་སྐུ་དུས་སུ་དགོན་པ་འདིར་གྲྭ་གྲངས་ཆིག་སྟོང་ཉིས་བརྒྱ་ལྷག་ཙམ་ཡོད། ཀིརྟི་སྐུ་ཕྲེང་དགུ་པ་སྐལ་བཟང་བློ་གྲོསཞལ་བཞུགས་སྐབས་གྲྭ་གྲངས་ཆིག་སྟོང་བཞི་བརྒྱ་ཙམ་དུ་སླེབས་པར་བརྟེན་ཚོགས་ཆེན་འདུ་ཁང་ཀ་བ་རིང་ཐུངབསྡོམས་པའི་བཞི་བཅུ་ཐམ་པའི་རྒྱ་ཁྱོན་ཅན་གསར་དུབཞེངས། དགོན་པ་འདི་ནས་གསུང་རྩོམ་ཡོད་པའི་བླ་སྤྲུལ་དགེ་བཤེས་དྲུང་ཡིག་སོགས་ཁྱོན་མཁས་དབང་བཞི་བཅུ་ཞེ་བརྒྱད་བྱོན་པའི་མཚན་ཐོ་དང་པོད་གྲངས་བཅས《སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་ལོ་རྒྱུས》དང་ཡིག་ཚང་ནང་གསལ་ཡོད་ཀྱང་དཔར་བསྐྲུན་བྱས་པ་ཀིརྟི་སྐུ་ཕྲེང་རེ་གཉིས་ཙམ་ལས། དེ་འཕྲོས་རྣམས་བྲིས་མ་ཡིན། དེ་དག་ཀྱང་རིག་གསར་དུས་ཟིང་སྐབས་རྩ་མེད་སོང་འདུག་དགོན་པ་འདིའི་ལྷ་ཁང་ཁག་གི་རྒྱ་ཁྱོན་དང་། ནང་གི་སྐུ་གསུང་ཐུགས་རྟེན། དགོན་ལག་མཆོད་གཞིས་ཐོབ་ཁུངས། ལོ་རེའི་ཆོས་འཆད་ཉན་སློབ་སྦྱོང་གི་སྐོར་སོགས་རགས་བསྡུས་འཁོད་པའི་ལོ་རྒྱུས་ནི། མཛོད་དགེའི་མཁས་དབང་ཉི་མ་ལགས་ཀྱིས་བརྩམས་པའི《སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་ལོ་རྒྱུས་མདོ་ཙམ་བརྗོད་པ》ཞེས་པའི་ཁ་བྱང་ཅན་གྱི་དེབ་ཆུང་ཤོག་གྲངས༡༠༡ཡོད་པ་དེར་གསལ།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།