ཀིམ་ཤིང་ཀོང་ཇོ་

ཡོང་ཁུངས་Wikipedia

(金城公主)ཐང་རྒྱལ་རབས་ཀྱི་སྐབས་བོད་ཀྱི་བཙན་པོའི་བཙུན་མོར་བླངས་པའི་རྒྱ་བཟའ་སྔ་རྗེས་གཉིས་བྱུང་བའི་ནང་གི་རྗེས་མ་སྟེ་ཅིན་ཁྲིན་ཀོང་ཇོ་ཞུ་བ་དེ་ཡིན་ཅིང་། མཚན་དེ་རྒྱ་སྐད་ནས་བོད་སྐད་དུ་བསྒྱུར་དུས་སྐབས་དེའི་རྒྱ་སྐད་ཀྱི་སྒྲ་ལ་ཅིན་ལ་ཀིམ་དང་ཀིང་། ཁྲིན་ལ་ཤིང་དང་། ཤིན། ཞིན། ཞིང་བཅས་འབོད་སྲོལ་ཡོད་པ་ལྟར་བྲིས་པ་ཡིན། ཡོངས་གྲགས་བོད་ཀྱི་ལོ་རྒྱུས་མང་ཆེ་བའི་ནང་བཤད་སྲོལ་དུ། རྒྱ་བཟའ་ཅིན་ཁྲིན་ཀོང་ཇོ་ནི་གོང་མའི་སྲས་མོ་ངོ་མ་ཡིན་པ་དང་། ཐོག་མར་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་གྱི་སྲས་འཇང་ཚ་ལྷ་དབོན་གྱི་བག་མར་བླངས་པ་ཡིན་ཀྱང་ཀོང་ཇོ་བོད་དུ་མ་འབྱོར་གོང་དུ་སྲས་འཇང་ཚ་ལྷ་དབོན་རྟས་གཡུགས་ཏེ་གྲོངས་པར་བརྟེན། ཡབ་ཁྲི་ལྡེ་གཙུག་བརྟན་གྱི་བཙུན་མོར་བཞེས་ཤིང་། དེ་ལ་སྲས་ཁྲི་སྲོང་ལྡེ་བཙན་འཁྲུངས་པ་དང་དེ་བཙུན་མོ་ཆེ་བ་སྣ་ནམ་བཟས་འཕྲོག་པར་བརྟེན་རྒྱ་བཟའ་ཁྲོས་ནས་ལྷ་ས་དང་བསམ་ཡས་ཁུལ་གྱི་ས་དཔྱད་བཟང་བ་མང་པོ་གཏོར་བཤིག་བྱས། སྲས་ཁྲི་སྲོང་ལྡེ་བཙན་ཞབས་འཛུགས་ཀྱི་དགའ་སྟོན་སྐབས་རྒྱལ་བློན་སུས༌ཀྱང་མ་ཡུམ་སུ་ཡིན་བརྟག་དཔྱད་བྱ་བའི་ཆེད་དུ་སྲས་ལ་ཨ་མ་སུ་ཡིན་ངོས་འཛིན་བྱེད་དུ་བཅུག་དུས་སྲས་ཀྱིས་རང་ཉིད་རྒྱ་ཚ་ཡིན་ཞེས་གསུངས་ནས་རྒྱ་བཟའི་པང་དུ་ཕེབས་པ་སོགས་ཀྱི་གཏམ་རྒྱུད་སྙན་ལ་བདེན་བདེན་འདྲ་བ་མང་པོ་ཞིག་ངག་རྒྱུན་དུ་ཆགས་ཡོད་པ་དེ་སྐོར་དེང་རབས་རྒྱལ་ཁབ་ཕྱི་ནང་གི་མཁས་པ་མི་ཉུང་བ་ཞིག་གིས་ཏུན་ཧོང་ནས་ཐོན་པའི་ཡིག་རྙིང་དང་རྒྱ་ཡིག་གི《ཐང་ཧྲུའུ》གསར་རྙིང་བཅས་ཕན་ཚུན་ཞིབ་བསྡུར་གྱིས་བརྟག་དཔྱད་གནང་བའི་དཔྱད་གཏམ་སྣ་ཚོགས་སྤེལ་གནང་མཛད་འདུག་པའི་ནང་དོན་རགས་བསྡུས་ཙམ་ནི་འདི་ལྟར་ཡིན་ཏེ། རྒྱ་བཟའ་ཅིན་ཁྲིན་ཀོང་ཇོ་ནི་གོང་མ་ཐང་ཀྲུང་ཙུང་གི་ཡང་ཚ་ཡིན་པ་ལས་སྲས་མོ་ངོ་མ་མིན་པ་དང་། རྒྱ་བཟའ་ཅིན་ཁྲིན་ཀོང་ཇོ་བོད་དུ་ཕེབས་སྐབས་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་ལོ་བདུན་ལས་མ་ལོན་པའི་རྒྱལ་སྲས་ཤིག་ཡིན་པ་དང་། སྲས་འཇང་ཚ་ལྷ་དབོན་དང་། ཅིན་ཁྲིན་ཀོང་ཇོ་གཉིས་ཀ་ལོ་གཅིག་གི་ནང་སྔ་རྗེས་སུ་འདས་པར་ཏུན་ཧོང་ཡིག་རྙིང་ནང་གསལ་པོར་འཁོད་ཡོད་པས། ཅིན་ཁྲིན་ཀོང་ཇོ་བཙུན་མོར་བཞེས་མཁན་གྱི་རྒྱལ་པོ་ནི་འདུས་སྲོང་མང་པོ་རྗེ་ཡིན་པ་ལས་འཇང་ཚ་ལྷ་དབོན་དང་། ཁྲི་ལྡེ་གཙུག་བརྟན་གཉིས་ཀ་མིན་པ་དང་། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་མ་ཡུམ་ནི་སྣ་ནམ་བཟའ་ཡིན་པ་ལས་རྒྱ་བཟའ་ཅིན་ཁྲིན་ཀོང་ཇོ་མིན་པ་བཅས་ར་སྤྲོད་གནང་ཡོད། ཡིན་ཡང་མཁས་པ་འགའ་ཞིག་གིས་རྒྱ་བཟའ་ཅིན་ཁྲིན་ཀོང་ཇོ་བཙུན་མོར་བླངས་པའི་རྒྱལ་སྲས་ནི་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་ཡིན་པ་ལས། འཇང་ཚ་ལྷ་དབོན་མིན་ཞེས་པ་སོགས་བཤད་ཚུལ་མི་འདྲ་བ་ཡོད་པའི་སྐོར་ཞིབ་པར《བོད་ལྗོངས་ཞིབ་འཇུག》༡༩༨༩ལོའི་དུས་དེབ་ཨང༤པའི་ནང་དང《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》ཤོག་གྲངས༢༥༨ནས༢༦༣བར་གསལ། ཀོང་ཇོ་འདི་བོད་དུ་ཕེབས་པའི་ལོ་ནི《ཐང་བོད་དབོན་ཞང་རྡོ་རིང》གི་ཡིག་ཕྲེང༢༥ནས༢༩བར་གསལ་བ་ལྟར། ཐང་རྒྱལ་རབས་ཀྱི་གོང་མ་ཀྲུང་ཙུང(中宗)གི་ཅིན་ལུང(景龙)ཁྲི་ལོ་བཞི་པ་ལྕགས་ཁྱི(༧༡༠)ལོར་བོད་ཀྱི་བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱི་བཙུན་མོར་སྦྱིན། བོད་ནས་ཞང་ཏོ་རེ་ལྷས་སྦྱིན་སོགས་བསུ་བར་བཏང་། གོང་མས་བག་རྫོངས་སུ་གོས་དར་ཁྲི་ཕྲག་མང་པོ་དང་། རྩེད་མོ་མཁན། རོལ་མོ་བ། བཟོ་རིགས་ལག་རྩལ་མི་སྣ། སྨན་དཔྱད་སོགས་ཀྱི་དཔེདེབ་མང་པོ་བཅས་བསྒྱུར། ཙོ་ཝེས་དམག་དཔོན་ཆེན་མོ(左卫大将军)དབྱང་ཅུ་ལ་གོང་མའི་བཀའ་ཡིག་བསྐུར་ཏེ་སྲུང་སྐྱེལ་ལ་མངགས། གོང་མ་རང་ཉིད་ཀྱང་ཧྲི་ཧྥིན་(始平)བར་དུ་སྐྱེལ་མར་ཕེབས་ཏེ་རྒྱ་བོད་སྦྱིན་མགྲོན་རྣམས་ལ་གསོལ་སྟོན་རྒྱས་པར་བཤམས། རྫོང་དེའི་བཙོན་པ་རྣམས་གློད་བཀྲོལ་བཏང་། སྲོག་ཐོག་གི་ཉེས་ཆད་བཅད་པ་ཚང་མ་གུ་ཡངས་གནང་། ལོ་གཅིག་རིང་རྫོང་དེའི་མི་སེར་ཚང་མར་ཁྲལ་མེད་པ་བྱས། དེའི་དྲན་རྟེན་མཚོན་བྱེད་དུ་རྫོང་དེ་ལ་ཅིན་ཁྲིན་རྫོང་ཞེས་མིང་བསྒྱུར། ཀོང་ཇོ་བོད་དུ་ཕེབས་རྗེས་བོད་དུ་རིག་གནས་ལག་རྩལ་འཕེལ་རྒྱས་གཏོང་བ་དང་། རྒྱ་བོད་ས་མཚམས་ཀྱི་དམག་འཁྲུག་ཞོད་འཇགས་བཏང་བ་སོགས་མཛད་རྗེས་ཆེན་པོ་བཞག་ཡོད། བོད་རྣམས་ཀྱིས་སྲུང་སྐྱེལ་དམག་དཔོན་དབྱང་ཇུ་བརྒྱུད་ནས་གོང་མར་ཞུས་པ་ལྟར། ཧི་ཞི་གྱིག་ཆུའི(河西九曲)ས་ཆ་རྣམས་ཀོང་ཇོའི་ས་སྐལ་དུ་སྦྱིན། ཀོང་ཇོ་བོད་དུ་ཕེབས་ནས་ལོ་སུམ་ཅུ་སོ་གཅིག་སོང་རྗེས་གོང་མ་ཐང་ཞོན་ཙུང(玄宗)གི་ཁའི་ཡོན(开元)ཁྲི་ལོ་ཉེར་བདུན་པ་ས་ཡོས(༧༣༩)ལོར་འདས་ཤིང་། ལོ་དེར་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་གྱི་སྲས་འཇང་ཚ་ལྷ་དབོན་ཡང་འདས་པ་སོགས་ཞིབ་པར་《ཐང་དེབ་གསར་རྙིང》དང《དེབ་ཐེར་དམར་པོ》《ཏུན་ཧོང་གི་ཡིག་རྙིང》བཅས་ལ་གཟིགས་པར་ཞུ།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།