Jump to content

ཀཱ་མ་རཱུ་པ་

ཡོང་ཁུངས་Wikipedia

ནང་པ་སངས་རྒྱས་པའི་གསང་སྔགས་ཀྱི་གཞུང་ནས་བཤད་པའི་ཡུལ་ཉི་ཤུ་རྩ་བཞིའི་ནང་ཚན་ཞིག་སྟེ། བོད་སྐད་དུ་བསྒྱུར་ན་འདོད་པའི་གཟུགས་ཞེས་པའི་གོ་དོན་ཡིན་ཚུལ《ས་བོད་སྐད་གཉིས་ཤན་སྦྱར་གྱི་ཚིགམཛོད》ལས་གསལ། བཙན་པོ་པཎྜི་ཏས་མཛད་པའི་《འཛམ་གླིང་རྒྱས་བཤད》ལས། རང་རེའི་བོད་ལྗོངས་ཀྱི་ཆུ་བོ་ཡར་ལུང་གཙང་པོ་དེ་ལྷོ་ནས་ཀོངཔོ་བརྒྱུད་རྒྱ་གར་ཤར་ཕྱོགས་སུ་འབབ་པའི་ཁུལ་དེར་གྱི་རི་ཝརྟའི་ཡུལ་ཡོད་ཅིང་། ཡུལ་དེ་ལ་ཆ་གསུམ་དུ་ཕྱེ་བའི་དབུས་ཀྱི་ཆ་ལ་གོ་ཧ་རི་དང་། ཀམ་ཚ་རངྒ་གཉིས། ཤར་གྱི་ཆ་ལ་ཨ་སམ་གྱི་ཡུལ། ནུབ་ཀྱི་ཆ་ལ་ཀཱ་མ་རཱུ་པའི་ཡུལ་ཞེས་འབོད་པའི་དབང་གིས་ཡོངས་གྲགས་སུ་ཡུལ་གསུམ་ཀའི་སྤྱི་མིང་ལ་ཀཱ་མ་རཱུ་པའི་ཡུལ་ཞེས་གསལ་བར་གསུངས། གནས་ཆེན་ཉི་ཤུ་རྩ་བཞིའི་གྲས་ཀྱི་ཀཱ་མ་རཱུ་པའི་ཡུལ་དངོས་ནི་དགེ་འདུན་ཆོས་འཕེལ་གྱིས་གྷོ་ཧ་ཊ་ནས་ལེ་དབར་བཅུ་བདུན་ཙམ་སོང་བ་ན། ཤར་རྩ་མཆོག་གྲོང་ངམ་མ་ཧཱ་མུ་ནིར་འབོད་པ་དེ་ཡིན་པ་དང་། ས་གནས་དེར་སྔོན་དུས་སུ་ནང་པ་སངས་རྒྱས་པའི་མདོ་སྔགས་ཀྱི་བསྟན་པ་དར་རྒྱས་ཆེན་པོ་བྱུང་བའི་གནས་ཡིན་ཞེས《རྒྱ་གར་གནས་ཆེན་ཁག་གི་ལམ་ཡིག》ཅེས་པ་ལས་གསུངས།

དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།