Jump to content

ཀརླ་པ་ཎ་

ཡོང་ཁུངས་Wikipedia

(ཀརྴ་པ་ཎ)འདི་ལ་དེང་སང་གསར་དུ་བསྒྲིགས་པའི་ཚིག་མཛོད་འགའ་ཞིག་དང་ལོ་རྒྱུས་ཀྱི་དཔེ་དེབ་འགའ་ཞིག་ནང་། ཀརྴ་པ་ཎ་ཞེས་པ་བོད་སྐད་དུ་བསྒྱུར་ན་འགྲོན་བུ་ལ་གོ་དགོས་པར་གསལ་བ་ནི་མ་དག་རྒྱུན་འབྱམས་ཀྱི་ངག་རྒྱུན་གཞིར་བཟུང་བ་ནས་བྲིས་པ་ཞིག༌ཡིན་ཞིང་། དངོས་དོན་ནི་ཀརྴ་པ་ཎ་ཞེས་པ་གསེར་དངུལ་ཟངས་གསུམ་ཅི་རིགས་ལས་བཟོས་པའི་དངུལ་སྒོར་གྱི་རིགས་ཤིག་ཡིན་པ་ནི་བསྟན་འགྱུར་འདུལ་བའི་ནང་བཞུགས་པ་རྒྱ་གར་གྱི་སློབ་དཔོན་དགེ་ལེགས་བཤེས་གཉེན(སྤྱི་ལོའི་དུས་རབས་བརྒྱད་པའི་འགོར་བྱོན)གྱིས་མཛད་པའི《འདུལ་བ་ལུང་ཞུ་བའི་འགྲེལ་པ》ལས་ཀརྴ་པ་ཎ་ནི་ཟོང་གི་ཁྱད་པར་སྟེ། དངུལ་ལས་བྱས་པ་གཟུགས་དོད་པ་བཙོང་དུ་རུང་བའོ་ཞེས་དང་། ཡང་སློབ་དཔོན་དེ་ཉིད་ཀྱིས་མཛད་པའི《འདུལ་བ་ལུང་གཞིའི་འགྲེལ་པ》ལས་ཀྱང་ཀརྴ་པ་ཎ་ནི། པ་ཎའི་བྱེ་བྲག་སྟེ། མངོན་མཚན་ཅན་ཡིན་ན་ནི། དངུལ་ལས་བྱས་པ་ཡིན་ནོ་ཞེས་གསལ་ཞིང་། སློབ་དཔོན་ཆོས་གྲགས་ཀྱི་རྗེས་ཙམ་ལ་བྱུང་བའི་རྒྱ་གར་གྱི་སློབ་དཔོན་དུལ་བའི་ལྷས་མཛད་པའི《འདུལ་བ་ལུང་རྣམ་འབྱེད་ཀྱི་འགྲེལ་པ》ལས། མངོན་མཚན་ཅན་ཞེས་བྱ་བ་ནི་ཐ་སྙད་དུ་བྱ་བའི་མཚན་མ་ཅན་ཏེ་ཟླུམ་པོ་ལ་སོགས་པའི་དབྱིབས་ལ་མི་ལ་སོགས་པའི་རྟགས་བྱས་པའམ་ཞེས་གསུངས་པ་དང་། དུས་རབས་བཅུ་བཞི་པའི་འགོར་ཀུན་མཁྱེན་མཚོ་སྣ་བས་མཛད་པའི《འདུལ་བ་ལེགས་བཤད་ཉི་མའི་འོད་ཟེར》ལས་ཀརྴ་པ་ཎ་དེ་ཡང་དངུལ་ཞོ་ཕྱེད་ཙམ་ལས་བཟོ་བྱས་པ་སྟེ་ཞེས་གསུངས་པ་ལྟར་ཀརྴ་པ་ཎ་གཅིག་ལ་འགྲོན་བུ་ངོ་གྲངས་ཆིག་སྟོང་དྲུག་བརྒྱའི་རིན་ཐང་གི་ཚད་ཡིན་ཅིང་། དེ་གསེར་སྲང་གི་དབང་དུ་བྱས་ན་གསེར་སྲང་མེད་ཞོ་དོ་དང་དངུལ་སྲང་གི་དབང་དུ་བྱས་ན་དངུལ་སྲང་མེད་ཞོ་བཞི་ཡིན། ཞིབ་པར་ཁོ་བོས་བྲིས་པའི《བོད་གནའ་རབས་ཀྱི་འཇལ་གཤོར་འདེགས་གསུམ་ཚད་གཞི》ཞེས་པའི་རྩོམ་ཡིག་ཟུར་ཡོད་ལ་གཟིགས་པར་ཞུ། །
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།