ཀརྨ་པཀྴི་

ཡོང་ཁུངས་Wikipedia

(ཀརྨ་པ་སྐུ་ཕྲེང་གཉིས་པ)ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པ་སྐུ་འདས་ནས་ལོ་བཅུ་གསུམ་སོང་བ་ན་སྐུ་ཕྲེང་གཉིས་པ་ཀརྨ་པཀྴིའམ་ཆོས་ཀྱི་བླ་མ་། རབ་བྱུང་གསུམ་པའི་ཤིང་བྱི(༡༢༠༤)ལོར་འཁྲུངས་ཡུལ་མདོ་ཁམས་དམ་པ་ཆོས་ཕྱུག་གི་ཡུལ་དུ་ཡབ་རྒྱ་དབང་ཚུར་ཚ་དང་། ཡུམ་སེང་བཟའ་ཨ་སྐྱིད་ཀྱི་སྲས་སུ་འཁྲུངས། དགུང་ལོ་ལྔ་ནས་བཅུའི་བར་འབྲི་ཀློག་སྦྱངས། དགུང་ལོ་བཅུ་གཅིག་པར་རབ་ཏུ་བྱུང་བའི་མཚན་ཆོས་ཀྱི་བླ་མར་གསོལ། དགུང་ལོ་ལོན་ནས་ཀ་ཐོག་པ་བྱམས་པ་འབུམ་གྱིས་མཁན་པོ་དང་། རིན་པོ་ཆེ་སྤོང་བྲག་པས་སློབ་དཔོན་མཛད་ནས་དགེ་སློང་གི་སྡོམ་པ་བཞེས། རིན་པོ་ཆེ་དེ་ཉིད་ཀྱི་དྲུང་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན་ཅིང་སྐུ་མ་གཤེགས་བར་དུ་ཕྱག་ཕྱིར་འབྲལ་མེད་དུ་བཞུགས་ཤིང་། སྤོང་བྲག་པ་སྐུ་གཤེགས་རྗེས་ཁམས་ཁུལ་གྱི་གནས་ཆེན་ཁ་བ་དཀར་པོ་སོགས་དབེན་གནས་མང་པོར་སྒོམ་སྒྲུབ་མཛད། རླུང་སེམས་གཉིས་ལ་རང་དབང་ཐོབ་སྟེ་གྲུབ་པའི་གོ་འཕང་མཐོན་པོར་ཕེབས། དེ་ནས་བྱང་ལམ་བརྒྱུད་ནས་འབྲི་གུང་དང་མཚུར་ཕུར་ཕེབས་ཏེ་ལོ་དྲུག་རིང་དེར་བཞུགས་ནས་དགོན་པ་ཉམས་གསོས་མཛད། དེ་སྔོན་ཁམས་སུ་བཞུགས་དུས་ཡོན་གོང་མའི་རྒྱལ་སྲས་ཧུ་པེ་ལིས་དམག་དཔོན་མཛད་ནས་ཁམས་སུ་འབྱོར་བ་དང་ཕན་ཚུན་མཇལ་མྱོང་བའི་སྟབས་ཀྱིས་ཧུ་པེ་ལིས་ཞུ་ཡིག་རྟེན་བཅས་བསྐུར་ནས་མཆོད་གནས་སུ་ཕེབས་དགོས་པའི་གདན་འདྲེན་འབྱོར་བ་ལྟར་རབ་བྱུང་བཞི་པའི་ཤིང་སྟག་(༡༢༥༤)ལོར་བར་ཁམས་ཀྱི་ལམ་བརྒྱུད་ནས་སོག་ཡུལ་དུ་ཕེབས། རྒྱལ་སྲས་ཧུ་པེ་ལི་དང་མཇལ་ནས་ཆོས་མང་དུ་གསུངས། མེ་འབྲུག(༡༢༥༦)ལོར་ཡོན་རྒྱལ་རབས་ཀྱི་གོང་མ་མོང་གོལ་ཧན་དང་མཇལ་ནས་གོང་མ་མ་གཤེགས་ཀྱི་བར་དུ་ལོ་ངོ་ལྔའི་རིང་མཆོད་གནས་མཛད། ལྕགས་སྤྲེལ(༡༢༦༠)ལོར་གོང་མ་མོང་གོལ་ཧན་འདས་རྗེས་རྒྱལ་སྲས་ཨ་རི་བོ་ག་དང་། ཧུ་པེ་ལི་གཉིས་གོང་མའི་གོ་གནས་འཕྲོགས་པའི་འཁྲུགས་རྩོད་བྱུང་མཐར་ཨ་རི་བོ་ག་ཕམ་ནས་ཧུ་པེ་ལི་གོང་མའི་ཁྲིར་འཁོད། ཧུ་པེ་ལི་རང་ཉིད་སྔར་ནས་མོང་གོལ་ཧན་ཁུ་དབོན་གཉིས་ལ་སེམས་མ་རངས་པ་ཡོད་པའི་ཐོག། ཀརྨ་པཀྴི་མཆོག་ཐོག་མར་སོག་ཡུལ་དུ་མཆོད་གནས་ལ་གདན་འདྲེན་མཁན་ཧུ་པེ་ལི་ཡིན་ཀྱང་དེར་མ་བཞུགས་པར་གོང་མ་མོང་གོལ་ཧན་གྱི་མཆོད་གནས་སུ་བཞུགས་ཤིང་། རྒྱལ་སྲས་མང་པོ་ལ་དབང་གནང་སྐབས་སུ་ཡང་ཧུ་པེ་ལི་དབང་གྲལ་ནས་ཕུད་པ་བཅས་གནང་བའི་རྐྱེན་གྱིས་ཧ་ཅང་ཁྲོས་ཏེ་བཙོན་དུ་བཅུགམཚོན་ཆ་མང་པོ་བཏབ་པ་དང་། མེ་ལ་བསྲེགས་པ། ཆུ་ལ་བསྐྱུར་བ། དུག་སྟེར་བ་སོགས་གནོད་འཚེ་གྲངས་མེད་བྱས་ཀྱང་རླུང་སེམས་ལ་རང་དབང་ཐོབ་པའི་སྟོབས་ཀྱིས་སྐྱོན་ཅི་ཡང་མ་བྱུང་བར་བརྟེན་རྒྱ་མཚོ་ཆེན་པོའི་མཐའ་འགྲམ་དུ་ལོ་ངོ་གསུམ་རིང་རྒྱང་ཕུད་བཏང་། དེ་ནས་ཡང་ཚུར་གདན་དྲངས་ཏེ་ལྷ་ཁང་གཅིག་གི་ནང་དུ་བཙོན་ལ་བཅུག་སྟེ་གསོལ་ཟས་སོགས་གང་ཡང་མེད་པར་ཞག་བདུན་རིང་བཞག་ཀྱང་སྐུ་ལུས་དང་སྐུ་སྲོག་ལ་སྐྱོན་གང་ཡང་མེད་པར་བརྟེན་རྒྱལ་པོ་ཧུ་པེ་ལི་དད་པ་སྐྱེས་ཏེ་བཤགས་པ་ཕུལ་ནས་མུ་མཐུད་མཆོད་གནས་སུ་བཞུགས་པར་ཞུས་ཀྱང་མ་གནང་བར་བོད་དུ་ཕྱིར་ཕེབས་པའི་ལམ་བར་ལོ་བརྒྱད་ཙམ་འགོར། མཚུར་ཕུར་ཕེབས་ཏེ་རབ་བྱུང་བཞི་པའི་ཤིང་བྱི(༡༢༦༤)ལོར་མཚུར་ཕུའི་ལྷ་ཁང་ཆེན་མོར་གསེར་ཟངས་ཀྱི་ལྷ་ཆེན་འདོམ་བཅུ་གསུམ(སྤྱི་ཁྲེ༢༦)ཙམ་ཡོདཔ་དང་། དེའི་མཐའ་བསྐོར་དུ་བྱམས་པ་དང་། སྤྱནརས་གཟིགས། རྒྱལ་བ་རིགས་ལྔ་བཅས་ཀྱི་ལྡེམ་སྐུ། གསེར་དངུལ་ལས་གྲུབ་པའི་བཀའ་འགྱུར་སོགས་རྟེན་གསུམ་གྲངས་ལས་འདས་པ་བཞེངས། དགུང་ལོ་དོན་བཞི་པ་རབ་བྱུང་ལྔ་པའི་ཆུ་ལུག(༡༢༨༣)ལོར་སྐུ་གཤེགས། སྐུ་གདུང་ཞུགས་ལ་ཕུལ་བའི་གདུང་ཐལ་སོགས་གདན་ས་གོང་འོག་གི་གདུང་རྟེན་ནང་དུ་བཞུགས། དམ་པ་འདིའི་ལོ་རྒྱུས་རྒྱས་པ《མཁས་པའི་དགའ་སྟོན》ཤོག་གྲངས༨༨༠ནས༩༡༣བར་དང་། 《ཀམ་ཚང་ཆོས་འབྱུང》པོད་དང་པོའི་ཤོག་གྲངས༣༨པར་གསལ། གསུང་རྩོམ་པོད༡༦ཡོད་ཅེས《མཁས་པའི་དགའ་སྟོན》ཤོག་གྲངས༡༣༡༣ལ་གསལ། གཞན་ཡང《ཆོས་རྗེ་ཀརྨ་པ་ཆེན་པོའི་རྣམ་ཐར་བསམ་ཡས་ལྷ་ཡི་རྔ་ཆེན》དྲི་མེད་དཔལ་ཡེ་ཤེས་ཀྱིས་མཛད་པ་བྲིས་མ་ཤོག་གྲངས༣༤ཅན་ཞིག་འདུག་ཀྱང་ཁོ་བོས་ཞིབ་པར་མཇལ་བའི་གོ་སྐབས་མ་ཐོབ།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།