Jump to content

ཀརྨ་པ་རང་བྱུང་རྡོ་རྗེ་

ཡོང་ཁུངས་Wikipedia

(ཀརྨ་པ་སྐུ་ཕྲེང་གསུམ་པ)འཁྲུངས་ཡུལ་ལ་སྟོད་མང་ཡུལ་གུང་ཐང་འོ་མ་ལུང་མཁན་ཐང་གི་རྩི་ཁུར་ཡབ་སྟོན་པ་ཆོས་དཔལ་དང་། ཡུམ་ཇོ་མོ་གཡང་འདྲེན་གྱི་སྲས་སུ་རབ་བྱུང་ལྔ་པའི་ཤིང་སྤྲེལ་(༡༢༨༤)ལོར་སྐུ་འཁྲུངས། དགུང་ལོ་གསུམ་ལ་ཕེབས་སྐབས་ཡབ་ཡུམ་སོགས་ལ་ང་ཀརྨ་པ་ཡིན་གསུང་བ་སོགས་སྔོན་གནས་དྲན་པའི་གསུང་མང་དུ་བྱོན། ཡབ་སྔགས་པ་ཡིན་པས་དེའི་དྲུང་ནས་ཞི་བྱེད་དང་གསང་སྔགས་སྔ་འགྱུར་གྱི་ཆོས་འགའ་ཞིག་གསན། གྲུབ་ཆེན་ཨུ་རྒྱན་པ་དང་མཇལ་སྐབས་སྔོན་གནས་དྲན་པའི་གསུང་མང་དུ་གནང་བས་གྲུབ་ཆེན་ཨུ་རྒྱན་པས་རང་བྱུང་རྡོ་རྗེ་ཞེས་མཚན་གསོལ། གྲུབ་ཆེན་དེ་ཉིད་ཀྱི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་དང་། འཁོར་ལོ་བདེ་མཆོག། ཀྱེེ་རྡོར། ཕུར་པ་སོགས་དབང་ཁྲིད་ཀྱི་རིགས་མང་པོ་གསན། དགུང་ལོ་བདུན་པ་ལྕགས་སྟག(༡༢༩༠)ལོར་ཁྲོ་ཕུ་བ་ཀུན་ལྡན་ཤེས་རབ་ཀྱིས་མཁན་པོ་མཛད་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། སློབ་དཔོན་ཤེས་རབ་དཔལ་དང་། རྒྱ་སྒོམ་ཡེ་ཤེས་འོད་། གྲུབ་ཆེན་གཉན་རས་བཅས་ཀྱི་དྲུང་ནས་སྐབས་དེར་བོད་དུ་བརྒྱུད་པ་བཞུགས་པའི་གསང་སྔགས་ཀྱི་ཆོས་མཐའ་དག་གསན། དགུང་ལོ་བཅོ་བརྒྱད་པ་མངལ་བཤོལ་གྱི་ཟླ་བ་རྩིས་པའི་ཉི་ཤུ་ལོན་པ་ལྕགས་གླང(༡༣༠༡)ལོར་ཚོགས་དགེ་འདུན་སྒང་པའི་མཁན་པོ་གནས་བརྟན་གཞོན་ནུ་འབུམ་གྱིས་མཁན་པོ་དང་། མཁས་པ་དགེ་འདུན་རིན་ཆེན་གྱིས་ལས་སློབ་མཛད་དེ་དགེ་སློང་གི་སྡོམ་པ་བཞེས། མཁན་པོ་དེ་ཉིད་ཀྱི་དྲུང་ནས་འདུལ་བའི་སྐོར་དང་། བཀའ་གདམས་ཀྱི་བློ་སྦྱོང་སྐོར། གསང་ཕུའི་སློབ་དཔོན་ཆེན་པོ་ཤཀ་གཞོན་གྱི་དྲུང་ནས་དབུ་མ་དང་། ཚད་མ། མངོན་པ་གོང་འོག་། ཕར་ཕྱིན་སྐོར་བཅས་གསན། སྙེ་མདོ་བ་ཀུན་དགའ་དོན་གྲུབ་ཀྱི་དྲུང་ནས་དུས་འཁོར་དང་། གསང་འདུས་ཡེ་ཤེས་ཞབས་ལུགས། གཤིན་རྗེ་གཤེད་དམར་ནག་འཇིགས་གསུམ། ཞི་ཁྲོའི་སྐོར་སོགས་གསང་སྔགས་གསར་རྙིང་གི་ཆོས་སྐོར་མང་དུ་གསན། དགུང་ལོ་སུམ་ཅུ་སོ་ལྔ་པ་ས་རྟ(༡༣༡༨)ལོར《རྩིས་ཀྱི་བསྟན་བཅོས་ཀུན་ལས་བཏུས་པ》བརྩམས་པར་མཛད། དགུང་ལོ་བཞི་བཅུ་འགོར་ཕེབས་དུས《ཆོས་དབྱིངས་བསྟོད་པའི་འགྲེལ་པ》བརྩམས། དགུང་ལོ་ཞེ་དྲུག་པ་ལྕགས་ལུག(༡༣༣༡)ལོར་ཡོན་རྒྱལརབས་ཀྱི་གོང་མ་ཐུག་ཐེའི་མུར་འཇའ་ཡཱ་དུས་མི་དཔོན་མང་པོ་མངགས་ཏེ་པེ་ཅིན་དུ་གདན་འདྲེན་པའི་གསེར་ཡིག་འབྱོར(གསེར་ཡིག་གི་ནང་དོན་བོད་སྐད་དུ་བསྒྱུར་བ《ཀམ་ཚང་ཆོས་འབྱུང》པོད་དང་པོའི་ཤོག་གྲངས༡༠༧ནས༦བར་གསལ)བ་ལྟར་ལོ་དེའི་རྗེས་མ་ཆུ་སྤྲེལ་ལོ(༡༣༣༢)ལོར་མཚུར་ཕུ་ནས་ཕེབས་ཐོན་གནང་སྟེ་མཚོ་སྔོན་གྱི་ལམ་བརྒྱུད་ནས་རང་རྟ་རང་ཁལ་མཛད་དེ་མགྱོགས་པར་བྱོན་ཡང་པེ་ཅིན་དུ་ཕེབས་འབྱོར་མ་བྱུང་གོང་དུ་གོང་མ་འདས་ཏེ་རིན་ཆེན་དཔལ་གོང་མའི་ཁྲིར་འཁོད་པ་མཇལ་ནས་འདས་མཆོད་དང་རྒྱལ་པོར་དབང་བསྐུར་མཛད། རིན་ཆེན་དཔལ་གྱི་ཚེ་ལ་བར་ཆད་ཡོད་ཅེས་གསུངས་པ་ལྟར་ཟླ་བ་གཅིག་སོང་ནས་འདས། དེའི་ཚབ་ཏུ་ཡོན་རྒྱལ་རབས་ཀྱི་གོང་མ་དགུ་པ་ཐོ་ཀན་ཐེའི་མུར་གོང་མའི་ཁྲིར་བཀོད་པའི་རྟེན་འབྲེལ་མཛད་སྒོ་སོག་ཡུལ་གྱི་རྒྱལ་ས་རྙིང་པ་ཧྲང་ཏུའུ་ལ་ཚུགས་པ་དེར་ཕེབས་ཏེ་དབང་བསྐུར་ཤིས་བརྗོད་མཛད། ཕོ་བྲང་ཆེན་པོ་ཏའི་ཏུར་ལོ་གཅིག་ཙམ་བཞུགས་རིང་གོང་མ་དང་མཇལ་ཕྲད་སྐབས་མང་པོར་ཆོས་དང་འབྲེལ་བའི་བསླབ་བྱ། སངས་རྒྱས་ཆོས་ལུགས་ཀྱི་ལོ་རྒྱུས་དང་། བོད་ཀྱི་རྒྱལ་རབས་ལོ་རྒྱུས། སྐབས་དེའི་བོད་ཀྱི་ནང་པའི་ཆོས་ལུགས་འཕེལ་རྒྱས་ཀྱི་གནས་ཚུལ་བཅས་གོ་སྐབས་དང་བསྟུན་ནས་ངོ་སྤྲོད་ཡང་ཡང་མཛད་ཅིང་ཤིང་ཁྱི(༡༣༣༤)ལོའི་ལོ་སྟོད་དུ་པེ་ཅིན་ནས་དབུས་སུ་ཕྱིར་ཕེབས་མཛད། ལམ་བར་དུ་སྡེ་མང་པོའི་འཁྲུག་པ་བསྡུམས་པར་མཛད། མེ་བྱི(༡༣༣༦)ལོར་སླར་ཡང་གོང་མ་ཐོ་ཀན་ཐེའི་མུར་གྱིས་གདན་འདྲེན་པོའི་ཞུ་ཡིག་ཐེངས་མང་འབྱོར་བ་ལྟར་མཚོ་སྔོན་བརྒྱུད་ནས་པེ་ཅིན་ཕོ་བྲང་ཆེན་པོར་ཕེབས། དེ་སྐབས་གོང་མ་ཉིད་ཕོ་བྲང་གི་རྒྱལ་སྒོའི་མདུན་དུ་བསུ་བར་ཕེབས། རྒྱལ་པོའི་དོན་དུ་ཚེ་སྒྲུབ་སོགས་རིམ་གྲོ་མཛད། པེ་ཅིན་གི་ནུབ་ཕྱོགས་སུ་ཀརྨ་པའི་དགོན་སྡེ་གསར་དུབཞེངས། ས་ཡོས(༡༣༣༩)ལོའི་དཀྱིལ་དུ་པེ་ཅིན་ཕོ་བྲང་ནས་སོག་ཡུལ་གྱི་རྒྱལ་ས་རྙིང་པ་ཧྲང་ཏུར་ཕེབས་ཏེ་ཟླ་བ་གཅིག་ཙམ་བཞུགས་ནས་དགུང་ལོ་ལྔ་བཅུ་ང་དྲུག་ས་ཡོས(༡༣༣༩)ལོར་སྐུ་གཤེགས། སྐུ་གདུང་ཞུགས་འབུལ་ཞུས་པའི་རྟེན་ངོ་མཚར་ཅན་རྣམས་རྣམ་ཐར་གྱི་ནང་སོག་ཡུལ་རང་དུ་བཞག་པ་ལྟ་བུ་ཞིག་གསལ་ཡང《དེབ་དམར》ནང་རྟེན་དེ་རྣམས་མཚུར་ཕུ་དགོན་པར་གདན་དྲངས་ཏེ་འདྲ་སྐུ་བཞེངས་ཞེས་གསལ་བས་ཕྱོགས་ཡས་མས་གཉིས་ཀར་ཡོད་པ་འདྲ་སྙམ། གསུང་རྩོམ་གྱི་གྲས《སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐྱེས་རབས་བརྒྱ་རྩ》《རྩིས་ཀྱི་བསྟན་བཅོས》《ཟབ་མོ་ནང་གི་དོན་གསལ་བར་བྱེད་པའིབསྟན་བཅོས་རྩ་འགྲེལ》སོགས་དེང་སང་མཇལ་རྒྱུ་ཡོད་པ་པོད་གསུམ་ཙམ་བཞུགས། ལོ་རྒྱུས་ཞིབ་པར《ཀམ་ཚང་ཆོས་འབྱུང》པོད་དང་པོའི་ཤོག་གྲངས༩༢ནས༡༡༥བར་གསལ། གཞན་ཡང《ཀརྨ་པ་རང་བྱུང་རྡོ་རྗེའི་རྣམ་ཐར》ཀུན་དགའ་འོད་ཟེར་གྱིས་མཛད་པ་བྲིས་མ་ཤོག་གྲངས༡༧ཡོད་པ་ཞིག་ཀྱང་འདུག
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།