Jump to content

ཀརྨ་པ་མི་བསྐྱོད་རྡོ་རྗེ་

ཡོང་ཁུངས་Wikipedia
ཀརྨ་པ་མི་བསྐྱོད་རྡོ་རྗེ་

(ཀརྨ་པ་སྐུ་ཕྲེང་དགུ་པ)སྐུ་ཕྲེང་བརྒྱད་པ་དགོངས་པ་གཞན་དོན་དུ་གཤེགས་ནས་ལོ་གཅིག་དང་ཟླ་བ་ངོ་བཅུ་གཅིག་ཙམ་སོང་བ་རབ་བྱུང་དགུ་པའི་མེ་འབྲུག(༡༥༥༦)ལོའི་བོད་ཟླ་བདུན་པའི་འགོར་མདོ་ཁམས་ཏྲེ་བོའི་ཡུལ་ཁ་བ་གླང་རིའི་ཞོལ་སྟག་བཟང་དུ་ཡབ་ཨ་རྡོར་དང་། ཡུམ་གླིང་བཟའ་ཨ་ལོད་ཀྱི་སྲས་སུའཁྲུངས། ཟླ་བ་ངོ་ཁ་ཤས་ནས་བཟུང་ལོ་དྲུག་ཙམ་གྱི་རིང་སྐུ་གོང་མའི་དངོས་སློབ་དང་། ཞབས་འབྲིང་བཅས་ནས་སྤྲུལ་སྐུའི་ཡང་སྲིད་ཡིན་མིན་གྱི་བརྟག་དཔྱད་ཐེངས་མང་ཐོག་ངོས་འཛིན་འཁྲུལ་མེད་བྱུང་སྟེ་དགུང་ལོ་དྲུག་ལ་ཕེབས་པ་ལྕགས་བྱ(༡༥༦༡)ལོར་ཞྭ་དམར་རིན་པོ་ཆེས་ཀརྨ་པ་སྐུ་ཕྲེང་བརྒྱད་པའི་ཡང་སྲིད་དུ་ངོས་འཛིན་གཏན་འཁེལ་མཛད་དེ་གཙུག་ཕུད་བཞེས། མཚན་མི་ཕམ་ཆོསཀྱི་དབང་ཕྱུག་ཏུ་གསོལ། དགུང་ལོ་ལྔ་ལ་ཕེབས་པ་ཤིང་གླང(༡༥༦༥)ལོར་གདན་ས་མཚུར་ཕུའི་ཁྲི་ལ་བཀོད། དེ་ནས་མི་རིང་བར་རྗེ་ཞྭ་དམར་བས་མཁན་པོ་དང་། དཔའ་བོ་སྤྲུལ་སྐུ་རིན་པོ་ཆེས་ལས་ཀྱི་སློབ་དཔོན་མཛད་དེ་དགེ་ཚུལ་གྱི་སྡོམ་པ་བཞེས་པའི་མཚན་ལ་མི་ཕམ་ཆོས་ཀྱི་དབང་ཕྱུག་རྡོ་རྗེ་གར་དབང་ཕྱོགས་ལས་རྣམ་རྒྱལ་ཞེས་གསོལ། དེ་ནས་བཟུང་སྔ་རྗེས་སུ་རྗེ་ཞྭ་དམར་སྐུ་ཕྲེང་ལྔ་པ་དང་། དཔའ་བོ་སྤྲུལ་སྐུ་རིན་པོ་ཆེ། མཁས་དབང་རྣམ་རྒྱལ་གྲགས་པ་བཅས་རྩ་བའི་བླ་མར་བསྟེན་པ་གནང་སྟེ་གཞུང་ཆེན་བཀའ་པོད་ལྔ་དང་རྒྱུད་སྡེ་བཞིའི་དབང་བཀའ་རྗེས་གནང་ཁྲིད་ལུང་ཐུན་མོང་རིག་གནས་ལྔ་སོགས་ཆ་ཚང་བར་གསན། དགུང་ལོ་ཉི་ཤུ་རྩ་བཞིར་ཕེབས་པ་ས་ཡོས(༡༥༧༩)ལོར་རྗེ་ཞྭ་དམར་བས་མཁན་པོ་དང་། རྒྱལ་ཚབ་སྤྲུལ་སྐུས་ལས་སློབ་མཛད་དེ་དགེ་སློང་གི་སྡོམ་པ་བཞེས། དབུས་གཙང་། ལྷོ་ཁ། མོན། ཁམས། ཀོང་པོ། སྤོ་བོ་སོགས་སུ་སྐུ་ཕྲེང་གོང་མའི་དུས་ལྟར་ཐེངས་ཁ་ཤས་ཕེབས་ཏེ་ཆོས་བརྒྱུད་དར་རྒྱས་སུ་མཛད་པ་དང་ས་གནས་ཁག་གི་འཁྲུགས་རྩོད་མང་པོ་འདུམ་འགྲིག་མཛད། རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་དང་ཕན་ཚུན་ཐུགས་འདྲིས་འབྲེལ་བཟང་རྒྱུན་འཁྱོངས་མཛད་པའི་ཟིལ་ཤུགས་ལ་བརྟེན་ནས་ཞལ་བཞུགས་རིང་ཀརྨ་བཀའ་བརྒྱུད་དང་། དགེ་ལུགས་བར་གྱི་འགལ་བའི་རྣམ་པ་མི་མངོན་པར་གྱུར་པ་བཅས་བསྟན་པ་སྤྱི་དང་། བོད་མི་རིགས་ཡོངས་ལ་ཕན་རླབས་ཆེ་བའི་མཛད་པ་བསྐྱངས། དགུང་ལོ་ཞེ་བརྒྱད་དུ་ཕེབས་པ་རབ་བྱུང་བཅུ་པའི་ཆུ་ཡོས(༡༦༠༣)ལོར་དགོངས་པ་མྱ་ངན་ལས་འདས། གསུང་རྩོམ་སྐོར《ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཡིག》《དབུ་མ་འཇུག་པའི་འགྲེལ་པ》《མངོན་པ་མཛོད་ཀྱི་འགྲེལ་པ》སོགས་གསུང་འབུམ་པོད་བཅུ་སྐོར་ཡོད། ཞིབ་པར་《ཀརྨ་ཀམ་ཚང་གི་ཆོས་འབྱུང》པོད་གཉིས་པའི་གྲངས་༧༣ནས༡༢༡བར་གསལ།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།