ཀརྨ་པ་མཐོང་བ་དོན་ལྡན་
(ཀརྨ་པ་སྐུ་ཕྲེང་དྲུག་པ)བར་ཁམས་ཀྱི་ཁུལ་ངོམ་སྟོད་བཤེས་སྐྱམ་ཞེས་པའི་ས་གནས་སུ་རབ་བྱུང་བདུན་པའི་མེ་སྤྲེལ(༡༤༡༦)ལོར་ཡབ་གོ་འཇོ་བསམ་འགྲུབ་རྡོ་རྗེ་དང་། ཡུམ་ལྡོང་བཟའ་པདྨ་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། སྐུ་གོང་མའི་དངོས་སློབ་རྣམས་ཀྱིས་བརྟག་དཔྱད་མང་དུ་མཛད་དེ་ཀརྨ་པ་སྐུ་ཕྲེང་དུ་ངོས་བཟུང་། མཁན་ཆེན་མགོ་བློན་པོ་སོགས་བླ་མ་མང་དུ་བསྟེན་ནས་མདོ་སྔགས་ཀྱི་ཆོས་སྐོར་མཐའ་ཡས་པ་གསན། བར་ཁམས་དང་ཀོང་པོ་སོགས་སུ་བྱོན་ནས་ཆོས་གསུངས་པ་དང་། ཡུལ་སྡེ་ཕན་ཚུན་གྱི་འཁྲུགས་རྩོད་བསྡུམས་པར་མཛད་པ་སོགས་སྐུ་ན་གཞོན་ནུའི་དུས་ནས་ནང་བསྟན་དར་སྤེལ་དང་། འགྲོ་བ་མང་པོའི་དོན་མཛད་བཞིན་པའི༌མུ་ནས་དགུང་ལོ་སོ་བརྒྱད་ལ་ཕེབས་པ་ཆུ་བྱ(༡༤༥༣)། ལོར་ཀོང་པོ་རྩེ་ལྷ་སྒང་དུ་གློ་བུར་སྐུ་གཤེགས། སྐུ་གདུང་ཞུགས་འབུལ་ཞུས་པར་ངོ་མཚར་བའི་རྟེན་མང་དུ་བྱོན་ཞིང་། རྟེན་དེ་རྣམས་མཚུར་ཕུར་གདན་དྲངས་ཏེ་གདུང་རྟེན་དང་འདྲ་སྐུ་བཞེངས་པའི་ནང་བཞུགས་སུ་གསོལ། ལོ་རྒྱུས་ཞིབ་པ《ལྷོ་རོང་ཆོས་འབྱུང》ཤོག་གྲངས༢༠༣དང་། 《ཆོས་འབྱུང་མཁས་པའི་དགའ་སྟོན》ལྕགས་དཔར་མའི་ཤོག་གྲངས༡༠༢༧པ། 《ཀམ་ཚང་ཆོས་འབྱུང》པོད་དང་པོའི་ཤོག་གྲངས༢༥༨བཅས་སུ་གསལ།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།