Jump to content

ཀརྨ་པ་ཆོས་གྲགས་རྒྱ་མཚོ་

ཡོང་ཁུངས་Wikipedia
ཀརྨ་པ་ཆོས་གྲགས་རྒྱ་མཚོ་

(ཀརྨ་པ་སྐུ་ཕྲེང་བདུན་པ)འཁྲུངས་ཡུལ་བར་ཁམས་རྔོད་ཀྱི་སྤྱི་མདའ་ཞེས་བྱ་བར་རབ་བྱུང་བརྒྱད་པའི་ཤིང་ཁྱི(༡༤༥༤)ལོར་ཡབ་སྔགས་འཆང་གྲགས་པ་དཔལ་གྲུབ་དང་། ཡུམ་ཇོ་དར་བཟའ་ལྷ་མོ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། བྱིས་པ་གཞན་དང་མི་འདྲ་བའི་སྐུ་གསུང་ཐུགས་ཀྱི་ཁྱད་ཆོས་ངོ་མཚར་ཅན་མང་དུ་མངའ་བར་བརྟེན་སྐུ་གོང་མའི་དངོས་སློབ་སྙེ་བོ་དར་སྟེང་དགོན་པའི་མཁན་པོ་ཆོས་དཔལ་འབྱོར་གྱིས་ཀརྨ་པ་མཐོང་བ་དོན་ལྡན་གྱི་སྤྲུལ་སྐུ་ཡིན་མིན་བརྟག་དཔྱད་མང་པོ་མཛད་པས་སྐུ་གོང་མའི་ཉེར་སྤྱད་ངོས་འཛིན་དང་། བཀའ་ལན་གནང་སྟངས་བཅས་འཁྲུལ་མེད་བྱུང་བས་སྤྲུལ་སྐུ་ཡིན་པར་ཡིད་ཆེས་ཐོབ་ཅིང་། ཟླ་བ་ངོ་དགུ་བཞེས་པ་ན་གོ་ཤྲི་རིན་པོ་ཆེ་དབུས་ནས་ཕེབས་ཏེ་སླར་ཡང་བརྟག་དཔྱད་དང་བཅས་ངོས་འཛིན་མཛད་དེ་ཀརྨ་པ་སྐུ་ཕྲེང་དྲུག་པའི་ཡང་སྲིད་དུ་ཐག་བཅད་ནས་ཁྲི་ལ་བཀོད། དགུང་ལོ་དགུ་ལ་ཕེབས་པ་ཆུ་རྟ(༡༤༦༢)ལོར་ཁམས་ཀྱི་གདན་ས་ཀརྨར་ཕེབས། གོ་ཤྲི་རིན་པོ་ཆེའི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་བཞེས། དགུང་ལོ་བཅུ་གཉིས་པ་ཤིང་བྱ(༡༤༦༥)ལོར་ཀུན་མཁྱེན་འཇམ་དཔལ་བཟང་པོས་མཁན་པོ་དང་། གོ་ཤྲི་དཔལ་འབྱོར་དོན་གྲུབ་ཀྱིས་ལས་ཀྱི་སློབ་དཔོན་མཛད་དེ་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་ཆོས་གྲགས་རྒྱ་མཚོར་གསོལ། མཁན་པོའི་དྲུང་ནས་འདུལ་བའི་བསླབ་བྱ་དང་ལག་ལེན་རྣམས་དང་། གཞན་ཡང་མདོ་སྔགས་ཀྱི་ཆོས་བཀའ་མང་དུ་གསན། ཏཱ་མིང་རྒྱལ་རབས་ཀྱི་གོང་མ་ཁྲེང་ཧྥ་རྒྱལ་པོའི་ཁྲི་ལོ་དགུ་པ་ཆུ་སྦྲུལ(༡༤༧༣)ལོར་གོ་ཤྲི་བསོད་ནམས་རྒྱ་མཚོ་དང་། དུ་གང་བཀྲ་ཤིས་བཟང་པོ། གསོལ་ཇ་བ་འོད་ཟེར་རྒྱ་མཚོ། ཉི་མ་འོད་ཟེར་བཅས་ཀྱི་གདོང་ལུང་དང་། འཇའ་ས། དབུ་ཞྭ་ཞྭ་ནག་མུ་ཏིག་གིས་སྤྲས་པའི་སྣམ་སྦྱར། གསེར་བྲེ་ཆེན། གོས་དར་སྤུག་ཁྲི་བཅས་འབུལ་རྒྱུ་བསྐུར། དགུང་ལོ་ཉི་ཤུ་རྩ་གསུམ་པ་ལ《སངས་རྒྱས་ཀྱི་སྐྱེས་རབས་བརྒྱ་རྩའི་དོན་བསྡུས》བརྩམས་པར་མཛད། དགུང་ལོ་ཉི་ཤུ་རྩ་བཞི་པ་མེ་བྱ(༡༤༧༧)ལོར་བར་ཁམས་བརྒྱུད་ནས་མཚུར་ཕུའི་གདན་སར་ཕེབས་ཏེ་ལོ་ཤས་བཞུགས་ཤིང་། སླརཡང་ཁམས་ཕྱོགས་སུ་འགྲོ་དོན་བསྐྱངས་པ་བཅས་ས་གནས་གར་ཕེབས་སུ་ཆོས་གསུང་བ་དང་དགོན་པ་འདེབས་པ། འཁྲུགས་རྩོད་བར་འདུམ་མཛད་པ་སོགས་གྲངས་ལས་འདས། ལྷག་པར་དུ་དབུས་གཙང་གཉིས་སུ་ཀརྨ་བཀའ་བརྒྱུད་དང་། དགེ་ལུགས་པའི་བར་གྱི་འགལ་ཟླ་ཆེ་བ་དང་། བྱ་པ་ཁྲི་དཔོན་བཀྲ་ཤིས་དར་རྒྱས་དང་། རིན་སྤུངས་དོན་ཡོད་རྡོ་རྗེ་གཉིས་ཀྱིས་དགེ་ལུགས་མིང་མེད་དུ་གཏོང་བའི་འཁྲུགས་པ་ཆེན་པོ་བསླང་སྐབས་གྲུབ་མཐའི་ཕྱོགས་ལྷུང་ཕྱོགས་འགལ་ལ་བརྟེན་པའི་དམག་འཁྲུག་བྱས་ན་མི་འོསཔའི་བཀའ་ལན་མང་གནང་ཡང་བཀའ་ལ་བརྩི་སྲུང་ཞུ་མཁན་ཧ་ཅང་དཀོན་པ་བྱུང་འདུག་དགུང་ལོ་ང་གསུམ་གྱི་ངོར་ཕེབས་པ་རབ་བྱུང་བརྒྱད་པའི་མེ་སྟག(༡༥༠༦)ལོར་ཀོང་པོར་ཕེབས་བཞུགས་སྐབས་སྐུ་སྐྱེ་བ་གང་དུ་འབྱོན་པའི་ཞལ་ཆེམས་ཕྱག་བྲིས་གནང་སྟེ་གློ་བུར་དུ་དགོངས་པ་མྱ་ངན་ལས་འདས། སྐུ་གདུང་ཞུགས་འབུལ་ཞུས་པའི་སྐུའི་སྒལ་ཚིགས་ལ་རྟེན་ངོ་མཚར་ཅན་བྱོན་པ་ཀོང་པོ་རྩེ་ལྷ་སྒང་གི་གསེར་གདུང་ནང་གཟུངས་སུ་ཕུལ། གསུང་རྩོམ་སྐོར《ཕར་ཕྱིན་མངོན་རྟོགས་རྒྱན་གྱི་འགྲེལ་པ་འཇིག་རྟེན་གསུམ་གྱི་སྒྲོན་མེ》དང་། 《ཚད་མ་སྡེ་བདུན་གྱི་རྒྱས་འགྲེལ་རིགས་གཞུང་རྒྱ་མཚོ》《དབུ་མའི་ལྟ་ཁྲིད》《ཕྱག་ཆེན་རྒྱ་གཞུང་གི་ཁྲིད་ཡིག་ཆེན་མོ》《དབུ་ཚད་ཆོས་འབྱུང་ཆེན་མོ》སོགས་ཁྱོན་བསྡོམས་པོད་ཆེན་བརྒྱད་ཙམ་ཡོད། དེའི་ནང་ནས་ཕར་ཕྱིན་དང་ཚད་མ་སྡེ་བདུན་གྱི་འགྲེལ་ཆེན་གཉིས་ནི་འགྲེལ་པ་གཞན་དག་དང་མི་འདྲ་བའི་འཆད་ཚུལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་ཞིག་ཡིན། ཞིབ་པར《ཆོས་འབྱུང་མཁས་པའི་དགའ་སྟོན》ལྕགས་དཔར་མའི་གྲངས༡༠༣༢ནས༡༡༡༥བར་དང་། 《ཀམ་ཚང་ཆོས་འབྱུང》པོད་དང་པོའི་ཤོག་གྲངས༢༦༦ནས༢༩༨བར་གསལ་ཞིང་། ནང་དོན་ཕན་ཚུན་ཁ་གསབ་བྱ་རྒྱུ་མང་ཙམ་འདུག་པས་ཞིབ་བསྡུར་གནང་དགོས།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།