Jump to content

ཀརྨ་གན་དཀར་

ཡོང་ཁུངས་Wikipedia

ཀརྨ་ཞྭ་ནག་སྐུ་ཕྲེང་ལྔ་པ་དེ་བཞིན་གཤེགས་པ་བོད་ཀྱི་རབ་བྱུང་བདུན་པའི་ཤིང་བྱ(༡༤༩༥)ལོར་མིང་རྒྱལ་རབས་ཀྱི་གོང་མ་ཡུང་ལོས་པེ་ཅིན་དུ་གདན་དྲངས་པ་ལྟར་ཐོག་མའི་ཕེབས་སྟོན་དང་། དེ་རྗེས་བོད་དུ་འབུལ་ཆེན་ལན་གསུམ་ཕུལ་བ་བཅས་ཀྱི་སྐབས་རིན་ཐང་བྲལ་བའི་དངོས་པོ་གྲངས་ལས་འདས་པ་ལྷ་སའི་བར་སྐོར་འཁོར་བ་ནས་འགོ་པོ་ཏཱ་ལའི་བཞུགས་ཁྲིའི་བར་སླེབས་པའི་དངོས་འབུལ་ཕུལ་བའི་ནང་དཀར་ཡོལ་རྐྱང་པ་མི་རེས་ལག་པ་གཡས་གཡོན་གཉིས་ལ་རེ་རེ་བཟུང་བས་བར་སྐོར་ཧྲིག་གིས་ཁེངས་པ་ཕུལ་བ་དང་། དཀར་ཡོལ་དེ་ཚོར་ལོགས་སུ་སྡེར་མོ་ལྔ་ཡོད་པའི་འབྲུག་ལྔ་དང་བདུན་བྱས་པ་སྣ་ཚོགས། མཐིལ་དུ་གོང་མ་རང་གི་མིང་བྱང་ཡི་གེ་སྔོནཔོ་བཞི་ཡོད་པ་ཞིག་ཡིན་ཞེས《ཀམ་ཚང་ཆོས་འབྱུང》པོད་དང་པོའི་ཤོག་གྲངས༢༣༨ནས་༤བར་གསལ་ཞིང་། གཞན་ཡང་སྟག་ཚང་རྫོང་པ་དཔལ་འབྱོར་བཟང་པོས་རབ་བྱུང་བདུན་པའི་ཤིང་སྟག(༡༤༣༤)ལོར་བརྩམས་པའི《རྒྱ་བོད་ཡིག་ཚང》གི་ནང་གསེས་དཀར་ཡོལ་བརྟག་པའི་ལེའུ་ནང་འཁོད་དོན། ཀརྨ་གན་དཀར་ཞེས་པ་ཀརྨ་པ་དེ་བཞིན་གཤེགས་པ་ལ་ཏཱ་མིང་གོང་མས་ཕུལ་བའི་མཛོད་ནང་མའི་དཀར་ཡོལ་སྤུས་ལེགས་ཀྱི་རིགས་ཤིག་ཡིན་པ་དང་། དེའི་ལོགས་ཀྱི་རི་མོ་ལ་འབྲུག་རིས་དང་། བཀྲ་ཤིས་རྟགས་བརྒྱད། བོད་ཡིག་དབུ་ཅན་གྱིས་མཐའ་བསྐོར་བའི་ཚིག་ལ་ཉིན་མོ་བདེ་ལེགས་མཚན་བདེ་ལེགས་ཞེས་སོགས་ཀྱི་བཀྲ་ཤིས་ཚིགས་བཅད་ཆ་ཚང་ཡོད་པ་བཅས་སྣ་ཚོགས་དང་། ཆེ་ཆུང་རིགས་གཉིས་ཡོད་ཚུལ་གསལ་བ་ཁུངས་དག་ཡིན་པ་ནི། ༡༩༨༧ལོར་བོད་ས་གནས་སུ་ཡོད་པའི་མེས་རྒྱལ་ནང་ཁུལ་གྱི་རིག་གནས་དངོས་རྫས་གལ་ཆེའི་རིགས་ལ་རྟོག་ཞིབ་བགྱིས་སྐབས་ནོར་བུ་གླིང་ཁར་ཡོད་པའི་རིག་དངོས་གྲས་ནས་མིང་རྒྱལ་རབས་ཀྱི་གོང་མ་ཞོན་ཏེའི་དུས་སུ་བཟོས་པའི་དཀར་ཡོལ་སྔོ་ཁྲའི་ཆང་སྣོད་ལན་མོའི་གཟུགས། ཤིང་ལོ་ལག་འཁྱུད་ཀྱི་རི་མོ་དང་། སྨད་དུ་བོད་ཡིག་དབུ་ཅན་གྱི་བཀྲ་ཤིས་ཚིགས་བཅད་ཉིན་མོ་བདེ་ལེགས་མཚན་བདེ་ལེགས་ཞེས་པའི་ཚིགས་བཅད་ཤོ་ལོ་ཀ་ཆ་ཚང་། མཐིལ་དུ་ཏཱ་མིང་ཞོནཏེ(大明宣德)ཞེས་པའི་ཡིག་འབྲུ་བཞི་ཡོད་པ་ཞིག་ང་རང་གིས་དངོས་སུ་མཐོང་བྱུང་བ་དེར་བརྟགས་ན་དཀརཡོལ་དེ་རིགས་ཐོག་མར་ཏཱ་མིང་གོང་མ་ཡུང་ལོས་ཀྱི(永乐)སྐབས་སུ་བཟོས་པ་དང་། རྗེས་སུ་གོང་མ་དེའི་སྲསཞོན་ཏེའི་སྐབས་སུ་ཡང་མུ་མཐུད་བཟོས་པ་ཡིན་འདྲ་སྙམ་ཞིང་། ད་དུང་ས་སྐྱའི་ཏི་ཤྲི་ཐེག་ཆེན་ཆོས་རྒྱལ་ལ་ཡང་དཀར་ཡོལ་དེ་གྲས་ཕུལ་ཡོད་ཚུལ་གསལ་བས་ས་སྐྱའི་ལྷ་ཁང་ཆེན་མོ་སོགས་ལ་མིང་རྒྱལ་རབས་སྐབས་ཀྱི་དཀར་ཡོལ་དེ་གྲས་ཕལ་ཆེར་ཡོད་སྲིད།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།