ཀ་ཤི་རྨིར་ཁོངས་ཁ་ཆེའི་ཕྱག་ཁང་

ཡོང་ཁུངས་Wikipedia
Jump to navigation Jump to search

ལྷ་སའི་ཀ་ཤི་རྨིར་ཁོངས་ཀྱི་ཁ་ཆེའི་ཕྱག་ཁང་ནི་ལྷ་སའི་གླིང་སྐོར་ལྷོལམ་རགས་ཁ་སྨད་དུ་ཡོད། ཆིང་རྒྱལ་རབས་ཀྱི་སྔོནནས་ཀ་ཤི་རྨིར་ཁོངས་ཀྱི་ཚོང་པ་ཉུང་ཤས་ཤིག་ལྷ་སརབསྡད་པ་དང་། སྐབས་དེར་རགས་ཁ་སྨད་དུ་ཕྱག་ཁང་ཞིག་གསར་དུ་བཙུགས། རྗེས་སུ་ཕྱག་ཁང་དེ་རྒྱ་བསྐྱེདཐེངས་གཅིག་བྱས་པ་དང་། དེ་སྔ་ཁ་ཆེའི་ཆོས་པ་སྦིར་ཡ་ཀོབ་ཟེར་བ་ཞིག་ལྷ་སར་བསྡད་དེ་ཉིན་ལྟར་ཉིན་དགུང་ཉང་བྲན་གྱི་རི་སྟེང་བྲག་རྡོ་ཞིག་གི་སྟེང་དུ་ཕྱག་འཚལརྒྱག་པར་འགྲོ་བ་དེ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་ཕོ་བྲང་པོ་ཏ་ལ་ནས་གཟིགས་ཏེ་དེར་ཐུགས་མོས་བྱུང་བས་རྒྱ་མདའ་སྒང་གི་ཁ་ཆེའི་ལྷ་ཁང་གེ་ས་ཆ་གནང་ཞིང་། རྒྱ་མདའ་སྒང་ནི་ས་དེའི་རྒྱ་ཁྱོན་གྱི་ཚད་ཡིན་ཟེར། དེ་སྐབས་ཀ་ཤི་རྨིར་ནས་འབྱོར་པའི་མི༤༤ཡོད་པ་དེ་དག་ལྷ་སར་གཏན་སྡོད་ཆོག་པ་དང་དེ་དག་ལ་དམིགས་བསལ་གཟིགས་སྐྱོང་གནང་སྟེ་ས་དེར་ཁྲལ་འུལ་རྒྱུགས་མི་དགོས་པའི་ཐོག་དུས་ཆེན་སྐབས་གཟིགས་བཟོས་ཀྱང་གནང་གི་ཡོད་སྐད། སྦིར་ཡ་ཀོབ་ཀྱིས་ཕྱག་འཚལ་རྒྱག་སའི་བྲག་རི་དེར་ཀ་ཤི་རྨིར་ཁོངས་ཀྱི་ཁ་ཆེ་ཚོ་ལོ་ལྟར་གནས་མཇལ་སྨོན་ལམ་འདེབས་པར་འགྲོ་སྲོལ་ཡོད། རྒྱ་མདའ་སྒང་ལ་མ་གཞི་ཕྱག་ཁང་ཞིག་ཡོད་ཀྱང་རྒྱུན་གཏན་ལྷ་སའི་ཕྱག་ཁང་དུ་ཕྱག་འཚལ་བྱེད་ཅིང་། སྨྱུང་གནས་དང་གོར་པན་གྱི་དུས་ཆེན་སྐབས་མགྲོན་འབོད་དང་། སེམས་ཅན་སྲོག་གཅོད་སོགས་བྱེད་རྒྱུར་ས་ཆ་གུ་ཡངས་ཤིང་། ཆ་རྐྱེན་བཟང་བས་ཁ་ཆེ་རྣམས་རྒྱ་མདའ་སྒང་ལ་འགྲོ་བསཕྱག་ཁང་དེ་གཉིས་ཁོངས་གཏོགས་གཅིག་གི་ཕྱག་ཁངཡས་མས་ལྟ་བུར་གནས། ཀ་ཤི་རྨིར་ཁོངས་ཀྱི་ཁ་ཆེ་མང་ཆེ་བ་སྤྱི་ལོ༡༩༦༡ལོར་ཀ་ཤི་རྨིར་ལ་ལོག་འགྲོ་སྐབས་སྤྱིརྫས་རྣམས་ཁྱེར། ད་ཆ་ཕྱག་ཁང་ཡས་མས་གཉིས་ཀར་ཉམས་གསོ་དང་འབྲེལ་ལྷ་སར་ཡོད་པའི་རྒྱལ་ཁོངས་ཕྱི་རྒྱལ་པ་ཡིན་པའི་ཁ་ཆེ་རྣམས་ཕྱག་འཚལ་སོགས་ཆོས་ཀྱི་བྱེད་སྒོ་སྤེལ་ཡུལ་ཡིན།

དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།